“ཁྱད་ལྡན་ཡུལ་ཟོག”ནས“ཁྱད་ལྡན་སྤུས་རྟགས”བར་གྱི་འགྱུར་ལྡོག
གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་དྲ་ཚོང་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དྲ་ཚོང་གྲོང་གསེབ་ཏུ་ཁྱབ་གདལ་གྱི་ཕྱོགས་བསྡུས་སྤྱི་འདོམས་དཔེ་སྟོན་རྣམ་གྲངས་ཚད་བརྒལ་སར་བྱས་ཏེ། ཆ་འཕྲིན་ཅན་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་དྲ་ཚོང་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་པ་བརྒྱུད། “ཞིང་ལས་ཐོན་རྫས་ཁྲོམ་རར་འདོན་དཀའ་བའི”དཀའ་གནད་བསལ་ནས་ས་ཁོངས་ཀྱི་འགྲན་རྩོད་ནུས་པ་ལྡན་པའི་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱས་ཤིང་། གྲངས་འཛིན་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བའི་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
བཙན་འགག་གཏོར་ནས། “དཔེ་སྟོན”ནས་འགོ་བཙུགས་ཏེ་རིམ་བཞིའི་ཞབས་ཞུའི་མ་ལག་བསྐྲུན་པ།
གྲངས་འཛིན་དཔལ་འབྱོར་གྱི་ཚ་རླབས་འཕྱུར་བའི་དེང་གི་དུས་སུ། གྲོང་གསེབ་ཀྱི་དྲ་ཚོང་གིས་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་དང་གཞི་ཁྱོན་ཆེ་བའི་ཁྲོམ་ར་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་དེའི་སྟོབས་ཤུགས་ཆེན་པོ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
2018ལོར་ཕྱིར་དྲན་བྱས་ན་སྐབས་དེར་རྒྱལ་རྩེ་རྫོང་དང་། གྲོ་མོ་རྫོང་། གཉའ་ནང་རྫོང་གསུམ་རྒྱལ་ཁབ་རིམ་པའི་དྲ་ཚོང་གྲོང་གསེབ་ཏུ་ཁྱབ་གདལ་གྱི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་མིང་ཁོངས་སུ་བདེ་བླག་ངང་ཚུད་པ་ནི་སྟབས་བདེ་པོས་གཟི་བརྗིད་མཚན་སྙན་ཐོབ་པ་ཞིག་མིན་པར། བརྒྱུད་རིམ་ལྡན་པའི་རང་བཞིན་གྱི་འཕོ་འགྱུར་ཞིག་གི་འགོ་ཚུགས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་གོ་སྐབས་དམ་པོར་བཟུང་ནས“སྲིད་གཞུང་གིས་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པ། ཁྲོམ་རས་འཁོར་རྒྱུག་བྱེད་པ། དཔེ་མཚོན་གྱིས་དཔེ་སྟོན་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྱབ་རྒྱ་ཆེ་བའི་དྲ་ཚོང་གི་དྲ་བ་ཞིག་སླ་འགོ་བཙུགས་ཡོད།
དེའི་ཐད་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་དྲ་ཚོང་གི་སྤྱི་པའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་ཞིང་། གྲོང་ཁྱེར་རིམ་ངོས་ནས་དྲ་ཚོང་གི་སྤྱི་པའི་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། སྤྱི་འདོམས་མཐུན་སྦྱོར་གྱི“ལྟེ་གནས”དང“ཀླད་ཆེན”དུ་བརྩིས་པ་དང་། དཔེ་སྟོན་རྫོང་གསུམ་དུ་རྫོང་རིམ་པའི་ཞབས་ཞུའི་ལྟེ་གནས་དང་ཟོག་འགྲེམས་མཛོད་འཇུག་ཁག་བགོས་ལྟེ་གནས་བཙུགས་པ། དེ་ནས་ཡན་ལག་སྣུར་སྲིང་བྱས་ཏེ་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་ཞབས་ཞུའི་ས་ཚིགས་བཙུགས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་རིམ་པའི་ལྟེ་གནས་1དང་། རྫོང་རིམ་པའི་ལྟེ་གནས་3 ཤང(གྲོང་རྡལ)རིམ་པའི་ས་ཚིགས་29 གྲོང་ཚོ་རིམ་པའི་ས་ཚིགས་114བཅས་བསྐྲུན་པ་དང་། ཤང་དང་གྲོང་རྡལ་གྱི་དྲ་ཚོང་ཞབས་ཞུ་དང་ཟོག་འགྲེམས་སྡེབ་སྐྱེལ་ཡོངས་སུ་ཁྱབ་པའི་དམིགས་ཚད་མངོན་འགྱུར་རགས་ཙམ་བྱུང་བ། སྲིད་འཛིན་གྲོང་ཚོར་ཁྱབ་ཚད་50%ཟིན་ཡོད།
མཐུན་རྐྱེན་སྦྱར་ཏེ། “ཐོན་རྫས”ནས“སྤུས་རྟགས”བར་དུ་ཁྲོམ་རའི་འགྲན་རྩོད་ཀྱི་གཏིང་ཤུགས་འཕེལ་བར་བྱས་པ།
གྲོང་གསེབ་དར་རྒྱས་ཁྲོད་དུ་ཐོན་ལས་དར་རྒྱས་ནི་གཙོ་གནད་ཡིན་ཞིང་། ཐོན་ལས་དར་རྒྱས་ཡོང་བ་བྱ་རྒྱུ་དེ་ཁྲོམ་རའི་འགྲན་ནུས་ལྡན་པའི་ཐོན་རྫས་དང་སྤུས་རྟགས་དང་ཁ་བྲལ་ཐབས་མེད།
རྨང་གཞིའི་སྒྲིག་བཀོད་བསྐྲུན་པའི་རྗེས་གནད་འགག་དེ“ཚོང་ཟོག”འཁོར་རྒྱུག་ཐུབ་མིན་དང“ཐོན་རྫས”འཚོང་རྒྱུ་ཡོད་མིན་ལ་ཐུག་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་དྲ་ཚོང་འཕེལ་རྒྱས་གཏོང་རིང“དབོར་འདྲེན་པ”ཁོ་ན་བྱེད་མི་ཉན་པར། དེ་བས“རྡུང་བཟོ་བ”ཞིག་བྱེད་དགོས་པའི་ངོས་འཛིན་གཏིང་ཟབ་ཐུབ་ཡོད། དེར་བརྟེན་གྲོང་ཁྱེར་ཡོངས་ཀྱིས་ཞིང་ལས་ཐོན་རྫས་མཁོ་སྤྲོད་འཁོར་འབྲེལ་འཛུགས་ཤུགས་ཆེ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ། གྲོང་ཁྱེར་རིམ་ངོས་ནས“འཇའ་ཚོན་སྣ་མདུན་གྱི་ཇོ་མོ་གླང་མའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཅིག་སྡུད་ཐོག་བཏོད་པ་མ་ཟད། རྫོང་ཁག་གིས“ཇོ་མོ་གླང་མའི་རོང་ས་དམར་པོ”དང“ཕ་ལ་གཞིས་ཀ”སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྐྱེད་སྲིང་ཡང་བྱས་ཡོད།
ཚོང་ལམ་རྒྱ་སྐྱེད་ཤུགས་ཆེན་བཏང་ཞིང་། དྲ་ཐོག་ནས་ཅིང་ཏུང·གཞིས་རྩེའི་ཚོང་ཁང་དང་། ཅིང་ཏུང·བོད་ལྗོངས་ཚོང་ཁང་གཉེར་སྐྱོང་ཞིབ་ཚགས་བྱས་པ་དང་འབྲེལ་ཕན་ཏོག་ཏོག་དང་། ཐའོ་པའོ། ཁྱུག་དབྱིངས་སོགས་ལས་སྟེགས་མང་པོར་ཚོང་ཁང་ཡང་བཙུགས་པ། དྲ་ཕྱི་ནས་བཟོ་ཚོགས་ཀྱིས་ཉོ་སྒྲུབ་བྱེད་པ་དང་ཚོང་འདུས་ཚོགས་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་བྲིན་ཚོང་ལ་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོ་ནས་ད་བར་གཞིས་རྩེའི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་836ཟིན་ཡོད།
ས་གནས་དེ་གའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་དྲ་ཚོང་གི་ཕན་འབྲས་ཐོན་འགོ་ཚུགས་ཡོད།
ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། “གཞན་བརྟེན”ནས“རང་བརྟེན”བར་དུ་ནང་ཐོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།
བྱ་གཞག་འཕེལ་རྒྱས་ཞེས་པ་དེ་མཐར་གཏུག་ནས་བརྗོད་ན་མིར་བརྟེན་དགོས། གྲོང་གསེབ་ཀྱི་དྲ་ཚོང་འཕེལ་རྒྱས་རྒྱུན་མཐུད་གཏོང་བར་ཕྱི་ཕྱོགས་ཀྱི་རྣམ་གྲངས་ཁོ་ནར་བརྟེན་ནས་སྐུལ་འདེད་གཏོང་མི་རུང་བར་ངེས་པར་དུ་རང་ས་རང་ཡུལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ནང་ཐོན་སྒུལ་ཤུགས་འཕེལ་བར་བྱེད་དགོས།
དེར་བརྟེན་གྲོང་ཁྱེར་ཡོངས་སུ་ཚོགས་སྤྱི་སྣ་ཚོགས་ལ་ཕྱོགས་པའི་དྲ་ཚོང་ཤེས་བྱ་ཁྱབ་གདལ་དང་རྩལ་ནུས་གསོ་སྦྱོང་བྱེད་སྒོ་སྤེལ་ཞིང་། གསོ་སྦྱོང་བྱ་ཡུལ་གྱི་གྲས་སུ་ཞིང་འབྲོག་པ་དང་། ཏང་སྲིད་ལས་བྱེད་པ། ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ། ཁེ་ལས་མཉམ་ལས་ཁང་གི་དོ་དམ་པ། གྲོང་གསེབ་ཀྱི་དྲ་ཚོང་ཞབས་ཞུའི་ཀྲན་ཀྲང་སོགས་ཚུད་ཡོད། གསོ་སྦྱོང་གི་ནང་དོན་དེ་རྒྱུན་དུ་སྤྱོད་གོ་ཆོད་པོ་ཞིག་ཡོང་རྒྱུའི་བརྩོན་ལེན་བྱེད་པའི་དམིགས་ཡུལ་ནི་སྦྱོང་བརྡར་ནང་ཞུགས་མཁན་གྱི་དྲ་ཚོང་གཉེར་སྐྱོང་གི་དངོས་སྦྱོང་ནུས་པ་ཆེ་རུ་གཏོང་ཆེད་རེད། 2024ལོ་ནས་ད་བར་རིམ་རྩིས་བརྒྱབ་ན་མི་ཐེངས་1100ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།
གསོ་སྦྱོང་གིས་ཐད་ཀར་སྐུལ་འདེད་བཏང་བ་དང་རྣམ་གྲངས་འཛུགས་སྐྲུན་གྱིས་གཞན་བརྒྱུད་སྐུལ་ཁྲིད་བྱས་པ་བརྒྱུད། ཡུལ་དེ་གའི་ཁེ་ལས་དང་། མཉམ་ལས་ཁང་། ལས་གཏོད་མི་སྒེར་བཅས་ཁག་གཅིག་གིས་དྲ་ཚོང་བདེ་བླག་ངང་འཛུགས་ཐུབ་པ་བྱུང་ལ། གཉེར་སྐྱོང་བྱེད་སྟངས་ཕྱོགས་སྒྱུར་ཡང་བྱུང་ཡོད། དེ་དང་ཆབས་ཅིག་ཚོང་དོན་སྡེ་ཚན་གྱི་མཛུབ་ཁྲིད་འོག གཞིས་རྩེས་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་ཟུང་འབྲེལ་གྱི་ཁྱབ་ཁོངས་ཡོངས་ཀྱི་དྲིལ་བསྒྲགས་ལས་སྟེགས་བསྐྲུན་ནས་ཐོན་རྫས་དང་དྲ་ཚོང་ཁོར་ཡུག་གི་སྐད་གྲགས་མུ་མཐུད་ཆེ་རུ་བཏང་ནས་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། གཞིས་རྩེས་ཕྱི་ནང་གི་ཐོན་ཁུངས་མུ་མཐུད་བསྡུ་སྒྲིལ་བྱས་ཏེ“འཇའ་ཚོན་སྣ་མདུན་གྱི་ཇོ་མོ་གླང་མ”སོགས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་རིན་ཐང་ཆེ་རུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། གཙོ་རྒྱུན་དྲ་ཚོང་ལས་སྟེགས་དང་མཉམ་ལས་གཏིང་ཟབ་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་འདོན་རྒྱུ། རང་ས་རང་ཡུལ་གྱི“རང་བརྟེན”ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ནས་དེ་བས་སྐྱོན་བྲལ་དང་རྒྱུན་མཐུད་ཐུབ་པའི་གྲོང་གསེབ་ཀྱི་དྲ་ཚོང་གི་སྐྱེ་ཁམས་མ་ལག་འཛུགས་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།