དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་ཉེར་གཅིག་པའི་ཚོགས་མིས་ཀྲུང་གོའི་བར་སྣང་ས་ཚིགས་ནས་རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2026ལོའི་གནམ་ལོ་གསར་ཚེས་སྐབས་སུ། བར་སྣང་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གི་རུ་མི་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ཀྱིས་བར་སྣང་ས་ཚིགས་ཀྱི་བརྙན་ལམ་ནས་རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    བཀོད་འདོམས་དཔོན་ཀྲང་ལུའུ་ནི་བར་སྣང་དུ་ལོ་གསར་ཐེངས་གཉིས་གཏོང་མྱོང་བའི་འཇིག་རྟེན་འཕུར་སྐྱོད་པ་ཞིག་ཡིན་ཞིང་། ཁོང་གིས“མེས་རྒྱལ་མངའ་ཐང་སྟོབས་འབྱོར་ལྡན་པ་དེ་ང་ཚོ་བར་སྣང་དུ་སྐྱོད་པའི་གདིང་ཤུགས་དང་རྒྱབ་རྟེན་ཡིན”ཞེས་མྱོང་ཚོར་ཟབ་མོས་བརྗོད། མེས་རྒྱལ་གྱི་བར་སྣང་བརྒྱུད་ནས་འཕུར་སྐྱོད་བྱེད་ཐེངས་རེར་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་གློག་འོད་ཀྱིས་བརྒྱན་པའི་ཐོག་བརྩེགས་ཅན་གྱི་ཁང་བཟང་དག་མཐོང་སྐབས་ཁོང་གི་བློ་ལ“ངས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་བསྟོད་གླུ་ལེན”ཞེས་པའི་གཞས་ཚིག་དབང་མེད་དུ་དྲན་ཡོད།

    བར་སྣང་དུ་འཕུར་ཐེངས་དང་པོ་ཡིན་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་ཆེ་མོ་བ་ཝུའུ་ཧྥེ་ཡིས་ཚང་མར། ཉེ་ཆར་ཁོང་ཚོས་བར་སྣང་སྒྲིག་ཆས་ལ་སླར་ཡང་སྐོར་ཞིབ་བྱས་པའི་སྐོར་སྙན་སེང་ཞུས་པ་དང་། ལྷ་གྲུ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་ནི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གི་འགན་འཁྲི་ཡིན་ལ། མེས་རྒྱལ་དང་མི་དམངས་ལ་ཁས་བླངས་པའི་བརྗིད་ཆེའི་དམ་བཅའ་ཡང་ཡིན་ཞེས་བརྗོད། ཐེག་ཚད་ཀྱི་རིགས་གཅིག་མཁས་ཅན་ཀྲང་ཧུང་ཀྲང་གིས་བར་སྣང་གི་བརྙན་ལམ་བརྒྱུད་རྒྱལ་ཡོངས་མི་དམངས་ལ་ལོ་གསར་སྤྲོ་པོ་ཡོང་བ་དང་བསམ་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    2025ལོའི་ཟླ་10ཚེས་31ཉིན་གྱི་མཚན་མོ། ལྷ་གྲུ་ཨང་ཉེར་གཅིག་པའི་མི་བཞུགས་འཕུར་གྲུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བར་སྣང་དུ་འཕེན་གཏོང་བྱས་ཤིང་། ལྷ་གྲུ་ཨང་ཉེར་གཅིག་པའི་ཚོགས་ཆུང་དང་ལྷ་གྲུ་ཨང་ཉི་ཤུ་པའི་ཚོགས་ཆུང་གིས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་ཐོག་གི“མཁའ་དབྱིངས་ཀྱི་མཉམ་འཛོམས”ཐེངས་བདུན་པ་བྱས་པ་རེད། 2025ལོའི་ཟླ་12ཚེས་9ཉིན། ལྷ་གྲུ་ཨང་ཉེར་གཅིག་པའི་ཚོགས་ཆུང་གིས་གྲུ་ཚང་ནས་ཐེངས་དང་པོ་དོན་པའི་བྱེད་སྒོ་ལེགས་སྒྲུབ་བྱས་ཤིང་། ལོ་གཉིས་སོང་རྗེས་ཀྲང་ལུའུ་སླར་ཡང་བར་སྣང་དུ་འཕུར་བ་དང་ཝུའུ་ཧྥེ་མིག་སྔར་གྲུ་ཚང་ནས་དོན་མཁན་འཇིག་རྟེན་འཕུར་སྐྱོད་པའི་ལོ་ན་ཆུང་ཤོས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།