དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཕྱིའི་རྒྱལ་ཁབ་ཀྱིས“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་ལ་སྦིར་བསྒྲགས་བཟོས་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀང་གིས་ཕྱིའི་རྒྱལ་ཁབ་ཀྱིས“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་ལ་སྦིར་བསྒྲགས་བཟོས་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    གསར་འགོད་པ་ཞིག་གིས་དྲིས་དོན། མི་རིང་བའི་གོང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་སྤེལ་ཡོད། ལའེ་ཆིང་ཏེ་ཡིས་ད་ཐེངས་ཀྱི་དམག་དོན་ནང་སྦྱོང་དེས་ས་ཁོངས་བརྟན་ལྷིང་ལ་གཏན་འཁེལ་མིན་པའི་རང་བཞིན་གྱི་ཉེན་ཁ་བཟོས་ཡོད། ཨ་རི་དང་། རི་པིན། ཨོ་སི་ཁྲུ་ལི་ཡ། ཧྥི་ལི་ཕིན། ཡོ་རོབ་མནའ་འབྲེལ་སོགས་ཀྱིས་ད་ཐེངས་ཀྱི་ནང་སྦྱོང་ལ་སྐད་ཆ་འདྲ་མིན་བཤད་ནས། སྐམ་ས་ཆེན་པོས་རང་གཅུན་རྒྱུན་འཁྱོངས་བྱེད་དགོས་པ་དང་ཕྱོགས་རྐྱང་པའི་ཐོག་ནས་ཐའེ་དབན་མཚོ་འགག་གི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    ཀྲང་ཞའོ་ཀང་གིས་བརྗོད་དོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་གྲུབ་འབྲས་ཐོབ་པའི་ངང“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་སྒྲིག་འཛུགས་བྱས་ཏེ། ལས་སྒྲུབ་དཔུང་སྡེའི་གཞི་གཅིག་ཅན་གྱི་མཉམ་འབྲེལ་དམག་འཐབ་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། “རང་བཙན”ལ་རྡུང་རྡེག་དང་གཅིག་གྱུར་ལ་སྐུལ་གཏོང་དང་ཐེ་ཇུས་ལ་རྒོལ་ལན་སློག་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ནས། ཐའེ་དབན་གྱི་གནད་དོན་ཐད་མཐའ་ཚད་ལས་བརྒལ་ནས་བསྙད་རྐོ་བའི་ཐ་ཤལ་གྱི་བྱེད་སྤྱོད་གང་ཞིག་ལའང་རྒོལ་ལན་མཐའ་གཅིག་ཏུ་སློག་རྒྱུ་དང་། ཀྲུང་གོ་གཅིག་གྱུར་མངོན་འགྱུར་ཡོང་བར་བཀག་འགོག་བྱེད་པའི་ལྐོག་གཡོ་མཐའ་དག་འགྲུབ་མི་ཐུབ་པ་གསལ་པོར་བསྟན་ཡོད།

    ཀྲང་ཞའོ་ཀང་གིས“ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་ཕྱོགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག བཅིངས་འགྲོལ་དམག་གིས་ཐའེ་དབན་གླིང་ཕྲན་མཐའ་འཁོར་དུ་ཁ་ཕྲལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་བ་དེ་རྦད་དེ་ལུགས་དང་མཐུན་ཞིང་དགོས་ངེས་དང་ལབ་གླེང་གང་ཡང་མེད་པ་ཞིག་རེད”ཅེས་བརྗོད། ཁོང་གིས། ཐའེ་དབན་གྱི་ད་ལྟའི་གནས་ཚུལ་ཆེ་ཤོས་ནི་མཚོ་འགག་ངོགས་གཉིས་ཀྲུང་གོ་གཅིག་ལ་གཏོགས་པ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་གི་འཇིགས་སྐུལ་ཆེ་ཤོས་ནི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་རྒྱ་ཡན་དུ་བཏང་བའི་རྒྱབ་སྐྱོར་དེ་རེད། ང་ཚོ་ནང་བཞིན་ཐའེ་དབན་མཚོ་འགག་གི་ཞི་བདེར་དེ་བས་གཅེས་སྤྲས་བྱེད་མཁན་ཞིག་མེད། ཡིན་ནའང་ང་ཚོས་མི་གང་རུང་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་ལ་ཁ་གཡར་ཏེ་ང་ཚོར“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་གཏན་འགོག་བྱེད་པའི་ཐད་ཚོད་འཛིན་གཏན་ནས་བཟོ་རུ་འཇུག་གི་མིན། མི་གང་རུང་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཞི་བདེར་ཁ་གཡར་ནས་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ལ་ཐེ་ཇུས་བྱེད་དུ་རྩ་བ་ནས་འཇུག་གི་མིན་ལ་ཐའེ་དབན་མཚོ་འགག་ལ་ཟིང་ཆ་སློང་དུའང་རྩ་བ་ནས་འཇུག་གི་མིན་ཞེས་བརྗོད་པ་རེད།

    ཀྲང་ཞའོ་ཀང་གིས་བརྗོད་དོན། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དང་སྒྲིག་གཞིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ“ཐའེ་དབན་རང་བཙན”ཕྱོགས་གཏོགས་རྒྱ་ཡན་དུ་གཏོང་བ་དང་དེར་རྒྱབ་སྐྱོར་བྱེད་མཚམས་འཇོག་པ་དང་ཐའེ་དབན་མཚོ་འགག་གི་གནད་དོན་ཐད་ཟིང་སློང་བའི་བྱེད་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན། རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བས་ལའེ་ཆིང་ཏེ་ཡི“ཐའེ་དབན་རང་བཙན་གྱི་དམག་འཁྲུག་སློང་བའི”ཐལ་སྐྱོད་ཉེན་ཁའི་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་པ་དང“ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་མགོ་སྐོར་འོག་མི་ཚུད་པ་བྱས་ཏེ། རང་ངོས་ཀྱི་བདེ་འཇགས་དང་བདེ་རྩ་དང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་སྦྱོང་དམག་གྲབས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས“རང་བཙན”གྱི་རེ་ངན་འཆང་བའི་བསྙད་རྐོའི་བྱེད་སྤྱོད་ལ་དུས་དང་རྣམ་པ་ཀུན་ཏུ་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལྐོག་གཡོ་མཐའ་དག་མཐའ་གཅིག་ཏུ་ཕམ་ཉེས་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།