དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་གིས།

    གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི“སྟབས་བདེའི་གནད་དོན་རྙོག་འཛིང་ཅན་དུ་འགྱུར་བའི”སྣང་ཚུལ་མེད་པར་བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཆའོ་ཏུང་། ཅང་མིང་།   |     སྤེལ་དུས།  2026-01-04

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཤར་ཁུལ་དུ་མང་ཚོགས་ཀྱིས་ཁྲུའུ་ཅ་ཡིང་ཁུལ་ཆུང་གི་བྱང་ཕྱོགས་ཀྱི་བགྲོད་ལམ་དུ་སེར་ཁ་གས་ནས་འགྲོ་སྐྱོད་མི་བདེ་བའི་ཁར་ཉེན་ཁ་ཡང་ཆེན་པོ་འདུག་ཅེས་གོང་རིམ་ལ་སྙན་སེང་ཞུས། ཁྲུའུ་ཅ་ཡིང་གྲོང་ཚོའི་ལས་བྱེད་པས་ངོ་སྤྲོད་བྱས་དོན། བགྲོད་ལམ་ལ་སེར་ཁ་གས་རྗེས་གྲོང་ཚོས་འབྲེལ་ཡོད་སྡེ་ཚན་ལ་འཕྲལ་དུ་སྙན་སེང་ཞུས་པ་ཡིན། ད་བར་དུ་ལམ་དེར་སུས་དོ་དམ་བྱེད་ཀྱི་ཡོད་པ་ཤེས་ཀྱི་མི་འདུག གྲོང་དོན་དང་། འགྲིམ་འགྲུལ། གྲོང་ཁྱེར་འཛུགས་སྐྲུན་སོགས་སྡེ་ཚན་དང་ཚན་པ་ཚང་མས་ལམ་དེ་ཁོང་ཚོའི་དོ་དམ་བྱེད་ཁོངས་སུ་མི་གཏོགས་ཞེས་ཟེར་གྱི་འདུག

    “གནད་དོན་ཐག་གཅོད་བྱེད་མཁན་མེད་པར། སྤོ་ལོ་བཞིན་ཕར་གཡུག་ཚུར་གཡུག་བྱེད་ཀྱི་འདུག”ཁྲུའུ་ཅ་ཡིང་གྲོང་ཚོ་ནི་གྲོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་འགྲམ་དུ་ཡོད། གྲོང་ཁུལ་གྱི་སྡེ་ཚན་མང་པོར་འདྲི་རྩད་བྱས་ཀྱང་ཐག་གཅོད་བྱེད་མཁན་མ་བྱུང་བས། གྲོང་ཚོས་ད་དུང་མྱུར་བགྲོད་གཞུང་ལམ་དོ་དམ་སྡེ་ཚན་བཙལ་ནས་སྐད་ཆ་འདྲི་སྐབས“སུར་འགན་འཁྲི་ཡོད་ན་དེ་འཚོལ་ཤོག”ཅེས་ལན་བཏབ། བགྲོད་ལམ་ལ་སེར་ཁ་གས་ཚད་སྨི་གཅིག་ཀྱང་ཟིན་གྱི་མེད་པས་སེར་སུབ་བརྒྱབ་ནས་ཁོད་སྙོམས་པར་རྙོག་དྲ་དེ་ཙམ་ཆེན་པོ་མེད་མོད། འོན་ཀྱང་འགན་འཁྲིའི་ཚན་པ་བཙལ་ནས་གནས་ཚུལ་གསལ་བཤད་བྱས་རུང་། མ་གཞི་ཐག་གཅོད་མགྱོགས་པོ་ཐུབ་པའི་དོན་ཆུང་དེ་ཕར་འགྱངས་ཚུར་འགྱངས་བྱས་ནས་ཡུན་རིང་ཐག་གཅོད་ཐུབ་མེད།

    གསར་འགོད་པས་གཞི་རིམ་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། “ཉིན་ཤས་ནང་ཐག་གཅོད་ཐུབ་ངེས་པའི་མང་ཚོགས་ཀྱི་དོན་དག”འགའ་ཞིག་དུས་ཡུན་རིང་པོ་ཕར་འགྱངས་ཚུར་འགྱངས་བྱས་ནས་ཐག་གཅོད་བྱེད་ཀྱི་མེད།

    ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་དབྱིན་མ་ཁྲོམ་གཞུང་དུ་ཁྲོམ་གཞུང་གི་ལས་བྱེད་པས་དེ་གོང་སྐོར་ཞིབ་བྱེད་སྐབས་ཁོངས་གཏོགས་ཁུལ་གྱི་ལམ་སྒྲོན་ཞིག་ཆག་ཡོད་པ་མཐོང་། “ལམ་སྒྲོན་དེ་ཆུས་གཉིས་ཀྱི་སྦྲེལ་མཚམས་སུ་ཡོད་པས་སྡེ་ཚན་ཁ་ཤས་བཙལ་ནའང་ཚང་མས་ང་ཚོའི་ཁོངས་གཏོགས་མིན་ཞེས་བརྗོད་ཀྱི་འདུག ལྷག་པ་རྒྱག་རིམ་བཞིན་ལམ་སྒྲོན་ཆག་རོ་ཟགས་གྲབས་བྱེད་པས་ང་ཚོས་ཉེན་ཟོན་བཅད་ཐག་འཐེན་ནས་རྐང་ཐང་མར་འགྲོ་མཁན་ལ་རྨས་སྐྱོན་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ཙམ་ལས་མ་འདས”ཞེས་དབྱིན་མ་ཁྲོམ་གཞུང་གི་ཁྲོམ་གཞུང་དོན་གཅོད་ཁང་གི་འབྲེལ་ཡོད་འགན་ཁུར་བ་ལི་ཙེ་ཅུན་གྱིས་བཤད།

    ཁྲུའུ་ཅ་ཡིང་གྲོང་ཚོའི་བགྲོད་ལམ་ལ་སེར་ཁ་གས་པ་དང་དབྱིན་མ་ཁྲོམ་གཞུང་གི་ལམ་སྒྲོན་ཆག་པ་ཕྱིས་སུ་ཉམས་བཟོ་བྱུང་མོད། འོན་ཀྱང་དེའི་རྒྱབ་ཀྱི་རྒྱུ་རྐྱེན་སྣ་ཚོགས་ནི་ང་ཚོས་མཐོང་ཆེན་བྱེད་འོས་པ་ཞིག་རེད།“ནད་ཆུང”འགྱངས་ནས“གཅོང་ནད”ལ་གྱུར་དོན་ནི་རྒྱུན་དུ“འགན་འཁྲི་གསལ་པོ་མེད་པ”དང“སྤྱོད་ཚུལ་བདེན་ཐུབ་མེད་པས”རེད།

    གཞི་རིམ་བཅོས་སྐྱོང་བྱེད་རིང་ལམ་སྲོལ“ཤར་གཏོང་མི་ཐུབ་པ”དང་སྤྱོད་ཚུལ“བདེན་ཐུབ་མེད་པ”ལས“སྟབས་བདེའི་གནད་དོན་རྙོག་འཛིང་ཅན་དུ་འགྱུར་བའི”སྣང་ཚུལ་ཐོན་ཡོད། “གནད་དོན་དེ་རིགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད། ཧོབ་ཏེ་བལྟས་ན་དོན་དག་དེ་རིགས་དེ་ཙམ་ཆེན་པོ་མེད་ཀྱང་དེ་ལྟའི་དོན་དག་ཆུང་ཙག་གིས་གཞི་རིམ་གྱི་ལས་བྱེད་པ་མང་པོ་ཞིག་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་གྱི་ཡོད། དེ་ནི་ལས་བྱེད་པའི་འཇོན་ཐང་མི་འདང་བ་མིན་པར་ལས་ཀའི་ལམ་སྲོལ་ལ་སྐྱོན་ཡོད་པས་རེད”ཅེས་དང“གཞི་རིམ་གྱི་དུས་ཚོད་དང་སེམས་ཤུགས་མང་པོ་ཞིག‘དོ་དམ་བྱེད་མཁན་རྩད་གཅོད་བྱེད་པར’ཆུད་ཟོས་སོང་བ་ལས་གནད་དོན་ཐག་གཅོད་བྱེད་པར་སྤྱོད་ཐུབ་མེད། གནད་དོན་ཁག་གཅིག་ཁོངས་གཏོགས་ཁུལ་ལམ་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་སྲིད་པས། ཁྲོམ་གཞུང་དང་སྡེ་ཁུལ་སོགས་གཞི་རིམ་ཚན་པ་གཅིག་པུར་བརྟེན་ནས་སྒྲུབ་པར་སྐུལ་འདེད་གཏོང་ཁག་པོ་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གཞུང་ལས་ཁང་གི་འགན་འཁུར་བ་ཤའོ་ཅེ་ཡིས་བཤད།

    “སུས་དོ་དམ་བྱེད་དགོས་པ་དང་སུས་སྒྲུབ་དགོས་པ”གསལ་པོ་ཡོང་བར་བྱེད་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ལས་ཀའི་ལམ་སྲོལ་དང་དཔྱད་ཞིབ་ཕྱོགས་སྟོན་སོགས་ཟུར་ཕྱོགས་མང་པོ་ནས་ཤུགས་བརྒྱབ་སྟེ། སྡེ་ཚན་ཁག་དང་གཞི་རིམ་གྱི་སྡེ་ཚན་ཁག་གིས་ཕར་གཡོལ་ཚུར་གཡོལ་མི་བྱེད་པ་དང་ཕྱི་ཚུལ་ཙམ་མི་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་“དབང་འགན་གསལ་ཐོ”ཞིབ་ཕྲ་དང་གསལ་པོ་བཟོས་ཤིང་། གྲོང་ཁྱེར་དང་། ས་ཁུལ། ཁྲོམ་གཞུང་བཅས་རིམ་པ་གསུམ་སྒྲིག་འཛུགས་བྱས་ནས་འགན་དབང་གི་མཐའ་མཚམས་རྩད་ཞིབ་བྱས་པ་དང་སྡེ་ཚན་ཁག་དང་རིམ་པ་ཁག་གི་འགན་འཁྲི་ཁ་གསལ་བཟོས་ཏེ། གཞི་རིམ་ལས་དོན་གྱི་འགན་དབང་གཏོགས་ཁོངས་གཏན་འཁེལ་ཞིབ་ཕྲ་བྱས་ཡོད།

    འགན་དབང་ཁ་གསལ་ཡོད་དགོས་པ་ནི་རྨང་གཞི་རེད། གཞི་རིམ་ལས་བྱེད་པས་ལས་འགན་བསྒྲུབ་རྒྱུ་ཁས་བླངས་རྗེས། གོང་རིམ་དང་འབྲེལ་གཏུག་བྱེད་པའི་ལས་ཕྱོད་ཆེན་པོ་མེད་པའི་གནས་ཚུལ་ལའང་སྣང་ཆུང་བྱེད་མི་རུང་། དོན་ལ་བབས་ས་ནི“བདེ་བླག”ཡོང་བར་བྱ་རྒྱུ་དེ་རེད། ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་རྩ་འཛུགས་ཁོའི་ཁོའོ་ཀྲང་དབྱང་པིན་གྱིས་གྲོང་ཁྱེར་དེར“ཁྲོམ་གཞུང་གིས་ཤུ་རྒྱག་པ་དང་སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི”གཞི་རིམ་གྱི་ཞབས་འདེགས་ཞུ་སྟངས་ལག་ལེན་བསྟར་གྱི་ཡོད། ཁྲོམ་གཞུང་གིས་གནད་དོན་ཤེས་རྟོགས་བྱུང་མ་ཐག“ཤུ་བརྒྱབ”ཚེ་ཆུས་རིམ་པའི་ལམ་སྲོལ་གཞུང་ལས་ཁང་གིས་དེའི་ཁྲོད་ནས་མཐུན་སྦྱོར་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས“འབྱོར་ཐོ”བཀོད་ནས་ཐག་གཅོད་བྱེད་པར་ཡོང་གི་ཡོད་ཅེས་ངོ་སྤྲོད་བྱས།

    “མི་དམངས་སྤྱི་གླིང་གི་ལྟག་སྒོའི་རྒྱལ་ཁ་ལམ་གྱི་ལམ་དུམ་ཁག་གཅིག་ཏུ་ཆུ་མང་པོ་འཁྱིལ་འདུག ང་ཚོས་ཤེས་རྟོགས་བྱུང་རྗེས་ལམ་སེང‘ཤུ་བརྒྱབ་པ’ཡིན། གྲོང་ཁྱེར་དོ་དམ་དང་། གྲོང་དོན། འཕྲལ་སྡོམ་སོགས་སྡེ་ཚན་གྱིས་གང་མགྱོགས་ས་ཡུལ་དངོས་སུ་ཡོང་ནས་ལམ་སེང་གནད་དོན་ཐག་གཅོད་བྱས་པས། འཁྱིལ་ཆུ་མགྱོགས་མྱུར་གཙང་གཤོང་ཐུབ་སོང་། ཆུ་འཁྱིལ་བའི་གནད་དོན་ཐག་གཅོད་ཐུབ་རྗེས། ང་ཚོས་རྒྱུ་རྐྱེན་གྲལ་བཤེར་དང་འགན་འཁྲིའི་བྱེད་པོ་གཏན་འཁེལ་བྱེད་འགོ་ཚུགས་པ་ཡིན། མཐར་ས་འོག་ཆུ་འགྲོར་སྐྱོན་ཤོར་བ་ཤེས་བྱུང”ཞེས་དང“ད་ལྟ་ང་ཚོར་གནད་དོན་གང་ཞིག་འཕྲད་ཀྱང་སྔོན་ལ་དེ་སུའི་དོ་དམ་བྱེད་ཁོངས་ཡིན་མིན་རྩད་གཅོད་མི་བྱེད་པར། སྔོན་ལ་གནད་དོན་ཐག་གཅོད་བྱས་ཏེ་དོན་དག་ཆུང་ཆུང་དེ་དཀའ་གནད་ཆེ་བའི་དོན་ཆེན་ལ་མི་འགྱུར་བ་བྱེད་ཀྱི་ཡོད”ཅེས་གྲོང་ནུབ་ཆུས་རྒྱལ་ཁ་ལམ་ཁྲོམ་གཞུང་གི་ལས་བྱེད་པ་ཀྲུང་ཆི་མེང་གིས་བཤད།

    “སྔོན་ཆད་ང་ཡང་སྡེ་ཚན་གྱི་དཔྱད་ཞིབ་ནང་ཞུགས་མྱོང་ཡོད། སྐབས་དེ་དུས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ན་སྐར་མ་1སྤྲོད་པ་དང་ཕྱོགས་བསྡོམས་སྙན་ཞུ་ཕུལ་ན་སྐར་མ་2སྤྲོད་ཀྱི་ཡོད། དེ་འདྲ་བྱས་ཙང་ཚང་མས་སེམས་ནུས་གཙོ་བོ་རང་ཉིད་ཀྱི་བྱ་བ་བསྒྲུབས་པ་ར་སྤྲོད་བྱེད་པའི་ཐོག་འཇོག་པ་ལས་གནད་དོན་དངོས་ཐག་གཅོད་བྱེད་པའི་ཐོག་འཇོག་གི་མེད”ཅེས་དང་། གྲོང་ནུབ་ཆུས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལྟ་བུར་ཆ་བཞག་ན། སྔོན་ཆད་དཔྱད་ཞིབ་ནང་དོན་མང་པོ་ཡོད་པ་སྟེ། “དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཚུལ་དང་། དམག་ཞབས་ཐིམ་པའི་དམག་མིའི་ཁྱིམ་ཚང་འཛུགས་པར་སྐུལ་འདེད་གཏོང་ཚུལ། ཆེད་དོན་གདན་ཞུའི་ཚོགས་འདུ་ཚོགས་ཚུལ་ལ་སོགས”རེད། ད་ཆ“དམག་ཞབས་ཐིམ་པའི་དམག་མི་ལས་ཞུགས་ཐུབ་ཚད་དུས་མཚུངས་ལས་5%འཕར་ཡོད”ཅེས་པར་ཁུ་བསྡུ་བྱས་ཡོད་ཅེས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཧྥུང་གིས་བཤད།

    “ཚོགས་འདུ་ཐེངས་ག་ཚོད་འཚོགས་པ་དང་དཔྱད་གཞི་ག་ཚོད་བྲིས་པར”དོ་ཁུར་མི་བྱེད་པར། དཔྱད་ཞིབ་ཚད་གཞི་དེ་ཚད་འབེབས་ཐུབ་པ་དང་ཕན་འབྲས་ལ་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་ནས་སྡེ་ཚན་གྱི“ནུས་ཆུང་སྐོར་སྐྱོད་ལས་སྒྲུབ”ཀྱི་ཁུར་པོ་ཡང་དུ་བཏང་ཡོད། ན་ནིང་ནས་བཟུང་གྲོང་ནུབ་ཆུས་ཀྱིས་དཔྱད་ཞིབ་ལམ་སྲོལ་དེ“གྲུབ་འབྲས་ཁྲིད་སྟོན”ལ་བསྒྱུར་རྒྱུར་ཕྱོཌ་ཡོངས་ནས་སྐུལ་འདེད་བཏང་སྟེ་དཔྱད་ཞིབ་དོན་ཚན་63ནས་31བར་ཉུང་དུ་བཏང་བ་དང་དཔྱད་ཞིབ་དམིགས་ཚད་527ནས་237བར་ཉུང་དུ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།