དམའ་དབྱིངས་མཁའ་ལམ་གསར་པ་བཏོད། འཕེལ་རྒྱས་གོམ་སྟབས་མགྱོགས་སུ་བཏང་།
—— རང་ལྗོངས་ཀྱི་དམའ་དབྱིངས་མཁའ་སྐྱོད་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བའི་སྐོར་བཀོད་པ།
གྲངས་གཞི་ལས་མངོན་པར། མིག་སྔར། རང་ལྗོངས་སུ་ཁྱོན་དམའ་དབྱིངས་མཁའ་སྐྱོད་ཁྱབ་ཁོངས་ཁེ་ལས་70ཡོད་པ་དང་། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རིམ་རྩིས་བརྒྱབ་ན། ལྗོངས་ཡོངས་སུ་ཤར་གཏོང་ཐུབ་པའི་མཁའ་ལམ་དུ་གནམ་གྲུ་ཐེངས་1646འཕུར་སྐྱོད་བྱས་པ་དང་། མི་ཐེངས་273ཞུགས་པ། དུས་ཡུན་ཆུ་ཚོད་2049.05ཟིན་པ་བཅས་དང་། རིམ་རྩིས་བརྒྱབ་ན། མི་མེད་གནམ་གྲུ་ཐེངས་36834འཕུར་སྐྱོད་བྱས་པའི་དུས་ཚོད་ཆུ་ཚོད་17013.4ཟིན་ནས། མཁའ་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་ཚད་རྒྱུན་གཏན་ཅན་གྱི་འཕེལ་རྒྱས་ལམ་བུར་སྐྱོད་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“སྐྲུན་པ་དང་། འཕུར་ཐུབ་པ། དོ་དམ་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས། སྲིད་ཇུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་བ། ཉེར་སྤྱོད་ས་ཚིགས་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་བ། དམའ་དབྱིངས་མཁའ་སྐྱོད་ཐོན་ལས་ཀྱི་དེ་སྔ་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་མྱུར་ཚད་ཐོག་ནས་ལས་རིགས་ཁག་ནང་ཞུགས་པ་དང་། མི་སེར་གྱི་འཚོ་བར་ཕན་འདོགས་བཞིན་ཡོད་པ་རེད།
སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ཐོན་ལས་འཕེལ་རྒྱས་ཀྱི“འདེགས་སྐྱོར” བརྟན་དུ་བཏང་བ།
མི་རིང་བའི་གོང་། རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱིས་དམའ་དབྱིངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག(ཚོད་ལྟའི་ལག་བསྟར)》ཅེས་པའི་བརྡ་ཐོ་བཀྲམ་ཞིང་། སྲིད་ཇུས་ནང་མི་མེད་གནམ་གྲུ་ཆུང་གྲས་ལ་ཆ་བཞག་ན། མཁའ་ལམ་གསར་པར་ལོར་འཕུར་སྐྱོད་བྱེད་ཐེངས་2000ལས་ཐོག་མར་བརྒལ་ཚེ་མཁའ་ལམ་རེར་བྱ་དགའ་སྒོར་ཁྲི་30སྤྲོད་རྒྱུ་དང་མི་མེད་གནམ་གྲུ་འབྲིང་གྲས་དང་ཆེ་གྲས་ལ་ཆ་བཞག་ན། མཁའ་ལམ་གསར་པར་ལོར་འཕུར་སྐྱོད་བྱེད་ཐེངས་500ལས་ཐོག་མར་བརྒལ་ཚེ་མཁའ་ལམ་རེར་བྱ་དགའ་སྒོར་ཁྲི་50སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
“སྲིད་ཇུས་བཏོན་པ་དེས་ང་ཚོའི་སེམས་ཤུགས་འཕེལ་བར་བྱས་ལ་བོད་ཀྱི་དམའ་དབྱིངས་མཁའ་སྐྱོད་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཐད་ང་ཚོར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བོད་ལྗོངས་ཁྲོང་པོ་མཁའ་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་པོ་ཡིས་བཤད།
སྲིད་ཇུས་ཀྱི་ཕན་འབྲས་ཐོབ་པ་དང་བསྟུན་ནས་མིག་སྔར། ལྗོངས་ཡོངས་སུ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལྟེ་བར་བྱེད་པ་དང་། ཉིང་ལག་ལམ་ཐིག་གནམ་ཐང་7འདེགས་སྐྱོར་དུ་བྱེད་པ། སྤྱི་སྤྱོད་གནམ་ཐང་དང་ཐད་འཕུར་གནམ་གྲུ་འབབ་འཕུར་ས་ཚིགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རིམ་པ་མང་བའི་མཁའ་འགྲུལ་དྲ་རྒྱའི་མ་ལག་ཅིག་བསྐྲུན་ཡོད་པ་རེད།
2025ལོའི་ཟླ་9པར། རང་རྒྱལ་གྱི་ས་བབ་སྨི་4300ཡན་ཟིན་པའི་ས་མཐོའི་མི་མེད་སྒྲིག་ཆས་ཀྱི་ཚད་ལེན་ཚོད་ལྟའི་རྟེན་གཞི་ཐོག་མ་དེ་མངའ་རིས་ས་ཁུལ་དུ་སྤྱོད་འགོ་ཚུགས་པ་དང་། “མངའ་རིས་ཀྱི་སྤྲིན་ཚོམ་ཨང་དང་པོ་རྟགས་ཅན”དུས་མཚུངས་སུ་ཐོག་མར་འཕུར་ཐུབ་པ་བྱུང་ཡོད། རང་ལྗོངས་ཀྱི་དམའ་དབྱིངས་མཁའ་སྐྱོད་ཐོན་ལས་ཀྱི་མཁྲེགས་ཆས་དང་མཉེན་ཆས་ཀྱི་རྨང་གཞི་ཉིན་རེ་བཞིན་བརྟན་དུ་འགྲོ་བཞིན་ཡོད།
གསར་གཏོད་སྐུལ་སྤེལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི“ནང་སྐྱེས་སྒུལ་ཤུགས”འཕེལ་བར་བྱས་པ།
བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཀོན་ཅེས“2025ལོར། ལྗོངས་ཡོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་དང་དེ་བཞིན་མི་མེད་གནམ་གྲུ་འཕུར་སྐྱོད་བྱེད་ཚད་དང་འཕུར་སྐྱོད་དུས་ཚོད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། མཁའ་ལམ་ཐོག་གནམ་གྲུ་འཕུར་སྐྱོད་བྱེད་ཐེངས་དུས་མཚུངས་ལས་70%ཙམ་འཕར་བ། མི་མེད་གནམ་གྲུ་འཕུར་སྐྱོད་བྱེད་ཐེངས་600%ལྷག་ཙམ་འཕར་ཡོད། རང་ལྗོངས་ཀྱི་དམའ་དབྱིངས་མཁའ་སྐྱོད་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་དགོས་མཁོ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད”ཅེས་བཤད།
བོད་ལྗོངས་ཙང་ཧྥེ་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སིས་དམའ་དབྱིངས་དཔལ་འབྱོར་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་བྱ་རྒྱུ་ལྟེ་བར་བྱས་ཏེ་མི་མེད་གནམ་གྲུའི་བཀོལ་སྤྱོད་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་ས་མཐོར་དཀོན་པའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས“སྲིད་ཐོན་སློབ་ཞིབ་སྤྱོད”བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཕྱོགས་བསྡུས་ཅན་གྱི་མཉམ་ལས་དྲ་རྒྱ་ཞིག་བསྐྲུན་ཡོད། 2025ལོ་ཚུན་དུ་མི་500ལྷག་ཙམ་མཁའ་སྐྱོད་ཐོན་ལས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
དེ་ཙམ་མ་ཟད། 2024ལོར་བོད་ལྗོངས་ཙང་ཧྥེ་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སིས་ད་དུང་བོད་ལྗོངས་སློབ་ཆེན་དང་གྲོས་མཐུན་བཞག་ནས“བོད་ལྗོངས་ས་མཐོའི་མི་མེད་གནམ་གྲུ་ཞིབ་སྤེལ་བེད་སྤྱོད་ལྟེ་གནས”མཉམ་སྐྲུན་བྱས་པས“ཞབས་ཞུར་རྒྱབ་སྐྱོར”ནས“མཉམ་འདྲེས་གཏིང་ཟབ་ཀྱིས་ཞིབ་སྤེལ་བྱེད་པའི”བར་མཆོང་སྐྱོད་བྱུང་ཡོད། བོད་ལྗོངས་ཙང་ཧྥེ་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཞུས་ཞའོ་ཁྲེང་གིས་ལས་སྟེགས་བཏོད་པ་དང་། ཐོན་ཁུངས་བསྡུ་སྒྲིལ། རྣམ་པ་གསར་གཏོད། ཤེས་ལྡན་པའི་འཁོར་སྦྲེལ་དང་ཐོན་ལས་འཁོར་སྦྲེལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་པ་དང་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་ཞིག་ཐུབ་རེ་ཡོད་ཅེས་བཤད་པ་རེད།
རིག་ལྡན་དམའ་དབྱིངས་ཀྱིས་ལས་རིགས་མང་པོར་མཐུན་རྐྱེན་སྦྱར།
ཞོགས་པར། “བྱ་རྒོད”མི་མེད་གནམ་གྲུ་ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་མཁར་ལྟག་ཤང་ནས་འཕུར་ཏེ་བར་སྣང་དུ་འཕུར་སྐྱོད་སྐར་མ་15བྱས་རྗེས་དངོས་ཟོག་སྐྱེལ་འདྲེན་བྱ་ཡུལ་དུ་བརྟན་པོའི་ངང་བབས་ཏེ་མཁར་ལྟག་ཤང་ནས་ཕྱིར་སྐྱོད་རླངས་འཁོར་གྱི་ལམ་ཐག་སྐར་མ་55འགོར་བ་ནས་མཁའ་འགྲུལ་གྱི་ལམ་ཐག་སྐར་མ་15ཡི་བར་ཐུང་དུ་སོང་ཡོད།
“དེ་སྔ་རི་བརྒལ་ཀླུང་བརྒྱབ་བྱས་ན་གཞི་ནས་བསྐྱལ་ཐུབ་པའི་དངོས་ཟོག་ད་ཆ་ཞོགས་པར་ཉོས་ཚེ་ཕྱི་དྲོར་འབྱོར་གྱི་འདུག”ཅེས་ཐུམ་སྒྲིལ་འབྱོར་བའི་མང་ཚོགས་སྐལ་མཆོག་གིས་དགའ་ཚོར་ཆེན་པོས“མཁའ་དབྱིངས་ཕོ་ཉ”ཡིས་འཚོ་བར་སྟབས་བདེ་སྐྲུན་ལུགས་བཤད།
བོད་ལྗོངས་ཁྲོང་པོ་མཁའ་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སི་ནི་གོ་ལ་ཧྲིལ་པོའི་སྔོན་ཐོན་རང་འགུལ་ཅན་གྱི་ཚོད་འཛིན་ལག་རྩལ་ལྡན་པའི་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་གྱི་ཁེ་ལས་ཤིག་ཡིན་པ་དང་། ས་མཐོའི་དམིགས་བསལ་ཁོར་ཡུག་ལ་དམིགས་ཏེ་ཁེ་ལས་དེས་ལག་རྩལ་རིམ་འཇུག་ཞིབ་འཇུག་ཧུར་ཐག་བྱས་ནས་ས་མཐོའི་ཁྱད་ལྡན་འགག་རྩའི་ལག་རྩལ་འགག་སྒྲོལ་བྱས་པ་དང་། “བྱ་རྒོད”དང“གཙོད” “གསའ”སོགས་རིམ་སྤེལ་ཐོན་རྫས་རབ་དང་རིམ་པ་རང་རྟེན་ཞིབ་བཟོ་བྱས་པར་རིམ་རྩིས་བརྒྱབ་ན་རྒྱལ་སྤྱིའི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་3དང་རྒྱལ་ནང་གི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་34རག་ཡོད་པ་རེད།
ད་ཆ་མི་མེད་གནམ་གྲུའི་ཁྱུ་ཚོགས“མཁའ་དབྱིངས་ཀྱི་ཕོ་ཉ”དེ་དག་གིས་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ནུས་པ་ཇེ་ཆེར་ཕྱིན་པ་མ་ཟད། རྒྱུན་གཏན་གྱི་དངོས་ཟོག་སྐྱེལ་འདྲེན་ནས་ལས་རིགས་ཁག་ཏུ་སྣུར་སྲིང་བྱས་པས། བོད་ཀྱི་དམའ་དབྱིངས་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།
བོད་ཀྱི་གནམ་སྔོན་པོ་དེ་རང་བྱུང་གི་འོབས་ཆེན་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་འགྱུར་བཞིན་ཡོད་པ་དང་། མཁའ་དབྱིངས་སུ་ཕུགས་འདུན་དོན་གཉེར་བྱས་ནས་ས་མཐོར་ངོ་མཚར་གསར་པ་དང་གསོན་ཤུགས་གསར་པ་སྣོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།