ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གིས“431”ལས་ཀའི་བྱ་ཐབས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།
འཁོན་འགྲས་རྒྱབ་ཏུ་བསྐྱུར་ནས་རྡོག་རྩ་བསྒྲིལ། ཐུན་མོང་འཕེལ་རྒྱས་ལམ་བུར་རྡོག་ཐོན་བྱས།
སྐྱིད་སྟེང་གྲོང་ཚོའི་དོན་གྲུབ་དང་ཆུ་གཉིས་གུང་དཀར་གྲོང་ཚོའི་བཀྲ་ཤིས་གཉིས“དབྱེ་མཚམས་གསལ་པོ་མེད་པའི”ས་མཚམས་ཀྱི་དོན་དུ་ཁ་རྩོད་རྒྱག་བཞིན་ཡོད་ཅིང་། ཁོ་གཉིས་ནི་ལོ་མང་རིང་རྩྭ་རའི་ཆེད་དུ་ཁ་རྩོད་རྒྱག་མཁན་གྱི་གྲོང་ཚོ་གཉིས་ཀྱི་ཚབ་མཚོན་མི་སྣ་རེད། “འདི་ང་ཚོའི་གྲོང་ཚོའི་ས་ཆ་རེད”“ང་ཚོས་འདི་གར་ལོ་བཅུ་གྲངས་ཕྱུགས་འཚོས་པ་ཡིན། ཁྱོད་ཚོའི་ས་ཆ་ཡིན་ཞེས་བརྗོད་དོན་གང་ཡིན” གྲོང་ཚོ་གཉིས་པོས་འདས་ཟིན་པའི་ལོ་བཅུ་ལྷག་ཙམ་གྱི་ནང་ཁ་རྩོད་འདི་འདྲ་རྫོགས་རྒྱུ་མེད་པ་བརྒྱབ་པས། ད་ཆ་ཕན་ཚུན་མེ་དང་སྤུ་ལྟ་བུར་གྱུར་ཡོད།
གྲོང་ཚོ་དེ་གཉིས་དབར་ས་ཆའི་རྩོད་གཞི་བྱུང་ནས་ཡུན་རིང་སོང་ཡོད། བརྟག་དཔྱད་ཞིབ་འཇུག་དང་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཏང་ཨུད་ཀྱིས་བཏོན་པའི“431”ལས་ཀའི་བྱ་ཐབས(“མདུན་སྤོས་བཞིར་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། རིམ་པ་གསུམ་གྱི་མཉམ་ཤུགས་གཅིག་ཏུ་བསྡུ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བ་བརྟན་དུ་གཏོང་བ”)དེ“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཐག་གཅོད་བྱེད་པར་སྤྱད་པས། རྙོག་དྲ་གཞི་ནས་ཆུང་དུ་ཕྱིན་ཡོད།
“431”ལས་ཀའི་བྱ་ཐབས་ཏེ། “ཆ་འཕྲིན་མཐིལ་རྟོགས་དང་། འདུམ་འགྲིག་བྱ་ཡུལ་སྒྱུར་བ། ཁྲིམས་ལྟར་འགོག་ཟོན། ལམ་སྲོལ་གསར་གཏོད”བཅས་མདུན་དུ་སྤོ་བ་བཞི་ནི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞི་ཡིན། སྨན་རི་ཤང་གིས་མངགས་པའི་སྐོར་སྐྱོད་འདུམ་འགྲིག་རུ་ཁག་གིས་ཚོགས་ཁང་དུ་མ་འཛུལ་བར་ཐད་ཀར་རྩོད་གཞི་ཐོན་སར་བསྐྱོད་ཡོད། རུ་མིའི་གྲས་སུ་སྲིད་ཇུས་ཤེས་མཁན་གྲོང་སྡོད་ལས་བྱེད་པ་ཡོད་ལ་གྲོང་ཚོར་མིང་གྲགས་ཡོད་པའི་ཏང་ཡོན་རྒན་གྲས་ཀྱང་ཡོད། ཁོང་ཚོས་ཁྲེ་ཙེ་དང་། ས་ཁྲ། “རྩྭ་ཐང་སྤྱོད་དབང་ལག་འཁྱེར”རྙིང་སོང་ཞིག དེ་བཞིན་དཔྱད་གཞི་མང་དག་ཅིག་ཁྱེར་ནས་རྩྭ་རར་ཉིན་འགའ་ཤས་བསྡད་དེ། རྩྭ་རའི་རྒྱ་ཁྱོན་གསལ་པོ་ཤེས་པར་བྱས།
སྨན་རི་ཤང་བདེ་འཇགས་ཁྲིམས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཝུའེ་ཤིན་གྱིས“བསམ་ཤེས་ཁོ་ན་བྱས་ནས་ཁྲིམས་དང་མ་བསྟུན་ན་མི་འགྲིག་ལ། ཁྲིམས་རྐྱང་རྐྱང་བཤད་ནས་བསམ་ཤེས་མ་བྱས་ནའང་མི་འགྲིག ས་ཆ་སྦར་མཐིལ་ཙམ་ལའང་ཚད་རེ་རེ་བཞིན་འཇལ་ནས་ཚང་མས་ཤེས་པར་བྱེད་དགོས”ཞེས་བཤད།
དེ་ལྟར་འདུམ་འགྲིག་རུ་ཁག་གིས་ཕྱོགས་གཉིས་པོས་ལོ་མང་པོ་ཁ་གསབ་དངུལ་བླངས་པའི་ཟིན་ཐོ་དང་རྩྭ་ར་བེད་སྤྱོད་བྱས་ཚུལ་ཞིབ་བསྡུར་བྱས་ཞོར་ཡུལ་མིའི་འཐུས་མི་བོས་ནས་ཐག་པས་ཚད་འཇལ་བའི་སྔོན་མའི་ཐབས་ཤེས་སྤྱད་དེ། སྨི་རེ་རེ་བཞིན་ས་མཚམས་བསྐྱར་དུ་འཇལ། བཅའ་ཁྲིམས་བློ་འདྲི་བའང་ས་ཡུལ་དངོས་སུ་གདན་དྲངས་ཏེ། དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་གནད་དོན་ལ་ལན་བཏབ་པས། 《ས་ཆ་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་དེ་གྲོང་མིས་གོ་ཐུབ་པའི“གནས་ལུཌ”སུ་གྱུར། དེ་རྗེས་སྨན་རི་ཤང་གིས“431”ལས་ཀའི་བྱ་ཐབས་ནང་གི་རིམ་གསུམ་མཉམ་འགུལ་ལམ་སྲོལ་ལག་ལེན་བསྟར་ཏེ། “གྲོང་ཚོ་རིམ་པའི་སོ་ལྟ་དང་། གྲོང་ཚོ་འགན་གཙང་འགག་སྒྲོལ། ཤང་རིམ་པའི་ཁྲིམས་སྐྱོང་ཕུབ”བཅས་རིམ་པ་གསུམ་གྱི་སྐས་རིམ་རུ་ཁག་བཙུགས་པ་རེད། གྲོང་ཚོ་རིམ་པའི་ངོ་ཤེས་འདུམ་འགྲིག་རུ་ཁག་གིས་ཡུལ་མིའི་བརྩེ་བར་བརྟེན་ནས་འབྲེལ་གཏུག་རགས་ཙམ་བྱས་པ་དང་ཆབས་ཅིག གྲོང་ཚོ་འགན་གཙང་ལེན་མཁན་ཤང་གི་ལས་བྱེད་པས་འགག་སྒྲོལ་ཚོགས་ཆུང་ཁྲིད་ནས་དུད་ཚང་རེ་རེའི་ཏང་ཡོན་རྒན་གྲས་དང་མང་ཚོགས་ཀྱི་འཐུས་མིར་བཅར་འདྲི་བྱས་ཏེ། གནས་ཚུལ་དངོས་དང་གྲོང་མིའི་དགོས་མཁོ་ཤེས་རྟོགས་བྱས་པ་དང་། མཇུག་ཏུ་སྨན་རི་ཤང་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་བྲག་ཡིབ་ཆུས་རང་བྱུང་ཐོན་ཁུངས་ཅུས་དང་། དམངས་སྲིད་ཅུས། ཁྲིམས་འཛིན་ཅུས། གྲོང་ཚོ་གཉིས་ཀྱི་འཐུས་མི་བཅས་གདན་དྲངས་ནས་གྲོང་ཚོར་བསྐྱོད་དེ་གྲོས་མོལ་ཚོགས་འདུ་ཐེངས་བཅུ་ལྷག་ཙམ་འཚོགས་པ་རེད།
གནད་འགག་ཆེ་ཤོས་ཀྱི་གྲོས་མོལ་ཚོགས་འདུ་ཞིག་སྨན་རི་ཤང་སྲིད་གཞུང་གི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སུ་འཚོགས་ཤིང་། དེ་གར་ཀྲུའུ་ཞི་སྡིངས་ཆ་མེད་པས། ལས་བྱེད་པ་དང་ཡུལ་མི་ཚོ་སྒོར་སྒོར་དུ་བསྡད་པ་དང་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེན་ཅེ་ཡིས་ཕྱོགས་གཉིས་ཀར་གན་རྒྱ་དང་། དཔང་ཡིག པར་རྙིང་པ། ཚད་འཇལ་ཟིན་ཐོ་བཅས་ཚང་མ་སྟོན་དུ་བཅུག་པ་རེད།
“དེ་རིང་ང་ཚོས་ཁ་རྩོད་མ་བརྒྱབ་པར་དཔྱད་གཞི་ཆ་ཚང་པོས་ར་སྤྲོད་བྱས་ནས་རྩིས་གསལ་པོ་ཞིག་རྒྱག་གི་ཡིན”ཆུ་ཚོད་བརྒྱད་ཙམ་རྒྱུན་མཐུད་པའི“རྩིས་ཐོ་ཞིབ་བསྡུར”བྱེད་ཐེངས་གཅིག་གིས་ས་ཆ་འདི་ངའི་ཡིན་ཟེར་བའི་དེ་སྔོན་གྱི་རང་མཐོང་རང་ཆེའི་གནད་དོན་རིམ་བཞིན་ཐག་གཅོད་ཐུབ། རྩོད་གཞིའི་གནད་འགག་དེ་མཐའ་མའི་སྨི་ལྔ་བཅུའི་ས་མཚམས་དེར་ཐུག་སྐབས། སྨན་རི་ཤང་ཏང་ཨུད་ཀྱིས་ཕན་ཚུན་རྩོད་མཚམས་བཞག་ནས་ས་ཆ་དེ“མཉམ་སྐྲུན་དང་མཉམ་སྡོམ་བྱེད་ཁོངས”སུ་བཅུག་སྟེ། དེ་ལས་བྱུང་བའི་ཡོང་འབབ་གྲོང་ཚོ་གཉིས་ཀར་དབང་བར་བྱ་རྒྱུའི་ཇུས་གཞི་བཏོན་པ་རེད།
མཐར་བྲག་ཡིབ་ཆུས་དང་། སྨན་རི་ཤང་། སྐྱིད་སྟེང་གྲོང་ཚོ། ཆུ་གཉིས་གུང་དཀར་གྲོང་ཚོ་བཅས་ཀྱི་རིམ་གསུམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག གྲོང་ཚོ་གཉིས་ཀྱི་འཐུས་མིས་སྒམ་ནན་ངང་ས་བཀྲ་གསར་རྐྱང་ཞིག་ལ་མིང་རྟགས་བཀོད་ནས་ཐུན་མོང་འཛུགས་སྐྲུན་གྱི་གྲོས་མཐུན་བཞག་པ་རེད། དེ་ནས་བཟུང་སྔོན་ཆད་ཀྱི“འཁོན་འགྲས་འབྱུང་ས”དེ་ལག་གདང་དཔུང་སྦྲེལ་གྱིས་འཕེལ་རྒྱས་གཏོང་བའི“འགོ་འཛུགས་ས”ཞིག་ཏུ་གྱུར།
སྐྱིད་སྟེང་གྲོང་ཚོ་དང་ཆུ་གཉིས་གུང་དཀར་གྲོང་ཚོའི་དབར་གྱི་ས་ཆའི་རྩོད་གཞི་འདུམ་འགྲིག་བདེ་བླག་ཐུབ་པ་དེ་ནི་སྨན་རི་ཤང་གིས“431”ལས་ཀའི་བྱ་ཐབས་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། ལས་ཀའི་བྱ་ཐབས་འདི་ཁྱབ་སྤེལ་བཏང་བ་ནས་བཟུང“བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི”རྩ་བ་འདི་དམ་པོར་བཟུང་སྟེ། འགལ་བ་དང་རྩོད་གཞི་ཁག་42འདུམ་འགྲིག་འོས་འཚམ་བྱས་ནས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་660ལྷག་ཙམ་མ་ཕོག་པར་བྱས་པས། མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད།
“འཁོན་འགྲས་འབྱུང་ས”ནས“སེམས་པ་མཐུན་སའི”བར་འགྱུར་ལྡོག་བྱུང་བ་དེ་ལས་གཞི་རིམ་བཅོས་སྐྱོང་ནི་ཕན་ཐོགས་ཅི་ཡང་མེད་པའི་ལས་ཀའི་སྒྲོམ་གཞི་ཞིག་མིན་པར། དྲོད་ཚད་དང་བློ་གྲོས་ལྡན་པའི་དམངས་ཀྱི་དཀའ་གནད་སེལ་ཐུབ་པའི་མང་ཚོགས་ཀྱི་ལས་ཀ་ཞིག་ཡིན་པ་གསལ་བཤད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།