དམངས་འཚོར་ཐ་སྐྱོང་བརྟན་པོ་བྱས། དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།
2025ལོའི་ཟླ་12པའི་ཟླ་མཇུག་ཏུ། གངས་ལྗོངས་ས་མཐོར་གྲང་ཟུག་ཆེ་ཡང་། དམངས་སྲིད་ཞབས་ཞུས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་བཞིན་ཡོད།
2025ལོར། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་དམངས་འཚོའི་འགན་སྲུང་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྤྱི་ཚོགས་རོགས་སྐྱོབ་དང་། རྒན་གསོའི་ཞབས་ཞུ། བྱིས་པའི་ཕན་བདེ་བཅས་ལྟེ་བའི་ཁྱབ་ཁོངས་ཆེན་པོ་གསུམ་ལ་གཞིགས་ཏེ། ཐབས་ཇུས་གནད་སྨིན་སྤྱད་ནས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་དང་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་དམངས་འཚོའི་མཐའ་ཚད་བརྟན་དུ་བཏང་བས། ས་མཐོའི་ས་གཞི་ཆེན་པོའི་དམངས་འཚོ་འགན་སྲུང་དྲ་བ་དེ་བས་ཚགས་དམ་དུ་ཕྱིན་ཡོད་པ་རེད།
སྤྱི་ཚོགས་རོགས་སྐྱོབ་ལ་སྤུས་འབྲས་ལེགས་གཉེར་བྱུང་བ།
“སྔོན་ཆད་རོགས་སྐྱོབ་རེ་ཞུ་བྱེད་པར་སྡེ་ཚན་མང་པོར་འགྲོ་དགོས་པས། ཕར་འགྲོ་ཚུར་འོང་ཁོ་ནར་དུས་ཚོད་མང་པོ་འགོར་གྱི་ཡོད། འོན་ཀྱང་། ད་ལྟ་ཁྱིམ་དུ་བསྡད་དེ་ལག་ཁྱེར་ཁ་པར་ནས་རེ་ཞུ་བྱེད་ཐུབ་སྟབས། ཡུན་རིང་མ་འགོར་བར་རོགས་སྐྱོབ་དངུལ་དངུལ་ཁང་གཱ་ནང་འབྱོར་གྱི་འདུག” ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཡུལ་མི་བཀྲ་ཤིས་ཀྱི་མྱོང་ཚོར་དངོས་དེ་ནི་རང་ལྗོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་གྲངས་འཛིན་ཅན་གྱི་སྒྱུར་བཅོས་ཀྱིས་དམངས་ལ་སྟབས་བདེ་དང་ཕན་པ་བསྐྲུན་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།
རྒྱལ་ཡོངས་ཀྱི་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཚོད་ལྟའི་ས་ཁུལ་ཞིག་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་སྔོན་ལ་ལག་ལེན་བསྟར་བ་སྟེ། ཕྱོགས་གཅིག་ནས“ཏང་དང་མང་ཚོགས་ཀྱི་སེམས་འབྲེལ་ས་ཚིགས”6བཙུགས་ནས་ཏང་ཡོན་ལས་བྱེད་པ་800ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། “དམངས་འཚོའི་ཞབས་འདེགས་པའི”འགན་འཁུར་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བོད་རྒྱ་སྐད་ཡིག་གཉིས་ཀྱི་རིག་ལྡན་རོགས་སྐྱོབ་ལས་སྟེགས་བཙུགས་ཏེ། སྡེ་ཚན་མང་པོའི་གྲངས་གཞི་བསྡུ་སྒྲིལ་བྱས་ནས་རོགས་སྐྱོབ་རེ་ཞུ་དང་། ཞིབ་དཔྱད། མ་དངུལ་སྤྲོད་པ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་དྲ་ཐོག་ཞབས་ཞུ་མངོན་འགྱུར་བྱུང་ཡོད་པ་རེད།
རིག་ལྡན་ལས་སྟེགས་ཀྱི་གྲངས་གཞིའི་བསྡུར་བ་བྱེད་ནུས་ལ་བརྟེན་ནས། ལས་སྟེགས་མ་ལག་གིས་ད་དུང་རང་འགུལ་ངང་མངོན་མེད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་གསལ་འབྱེད་བྱས་ཏེ། “མང་ཚོགས་ཀྱིས་སྒོ་རྩར་འཚོལ་དུ་ཡོང་བ”དེ“སྲིད་ཇུས་སྒོ་རྩར་ཁྱབ་གདལ་གཏོང་བར”བསྒྱུར་ཡོད། མིག་སྔའི་བར་བྲག་ཡིབ་ཆུས་ཀྱིས་ལས་སྟེགས་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་731རང་འགུལ་ངང་གསལ་འབྱེད་བྱས་ཏེ། “སྲིད་ཇུས་མི་ཐོག་ཏུ་འཁྱོལ་བ་དང་ཚོར་མེད་རོགས་སྐྱོབ་བྱེད་པ”དངོས་སུ་མངོན་འགྱུར་བྱུང་ཡོད།
ད་ཆ་དམངས་ཕན་བྱ་ཐབས་དེ་རིགས་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ་དང་། རྫོང(ཆུས)74ཚང་མར་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཐད་སྦྲེལ་ཁ་པར་བཙུགས་ཏེ “སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པ་དང་མཐུན་སྦྱོར་ངང་སྒྲུབ་པའི”རྣམ་པ་ཆགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་2020ལོ་ལས་21.25%དང་22.85%སོ་སོར་འཕར་བ་དང་། གཅིག་སྡུད(གྲོང་ཁྱེར་ཁ་ཐོར)དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁ་ཐོར་མི་སྣར་རོགས་སྐྱོབ་དང་གསོ་སྐྱོང་བྱེད་པའི་ཚད་གཞིའི་བསྡུར་ཚད་མཐོ་རུ་ཕྱིན་པ། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་25.46ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་4.3ཙམ་སྤྲད་ནས། དགོས་མཁོ་ཡོད་པའི་ས་ཆ་ཚང་མར་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཡོད།
རྒན་གསོའི་ཞབས་ཞུ་གསར་གཏོད་དང་རིམ་སྤོར་བྱས་པ།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཡོད་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ། ལོ་ན་60ཡན་གྱི་རྒན་རྒོན་ཚོ་སྡོད་ས་ཁ་ཐོར་ཡིན་སྟབས། རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་སྐབས་དཀའ་ངལ་ཆེན་པོ་ཡོད་པ་རེད།
2025ལོར་རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་ས་བབ་མཐོ་བའི་འབྲོག་ཁུལ་གྱི་རྒན་གསོའི་དཀའ་གནད་ལ་དམིགས་ཏེ། མ་དངུལ་དང་ཐོན་ཁུངས་ལ་སྤྱི་འདོམས་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།
རྒན་གསོའི་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་བྱ་ཆེད། འདམ་གཞུང་རྫོང་གིས“3+1+N”རྒན་གསོའི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་པ་སྟེ། “ཤང་དང་གྲོང་རྡལ་སྡེ་ཚན་གྱིས་མཚམས་སྦྱོར་དང་། དམངས་སྲིད་སྤྱི་ཚོགས་ལས་དོན་པས་ཤེས་རྟོགས། ཞབས་ཞུ་བྱ་ཡུལ་གྱིས་རོཌ་སྐྱོར་རེ་ཞུ”བཅས་ཟུང་དུ་འབྲེལ་བའི་ཤེས་རྟོགས་མ་ལག་ཁག་གསུམ་བརྒྱུད། ཁ་ཐོར་དུ་སྡོད་པའི་རྒན་རྒོན་གྱི་རྒན་གསོའི་དགོས་མཁོ་ཤེས་རྟོཌ་གནད་སྨིན་བྱེད་པ་དང་། གྲངས་འཛིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས་དུད་ཚང་1814ཡི་རྒན་རྒོན་གྱི་ཡིག་ཚགས་ཆ་འཕྲིན་དང་ལོ་ན་མཐོ་བའི་ཁ་གསབ་རྒྱུན་གཏན་མིན་པའི་ཉེན་བརྡའི་གྲངས་གཞི་600ལྷག་ཙམ་བསྡུ་ལེན་བྱས་ཏེ་ཞབས་ཞུའི་སྔོན་ཐོབ་རིམ་པའི་གསལ་ཐོ་ཆགས་པར་བྱས་ཐོག ཆུ་ཚོད་72ནང་ཚུན་དུ་ཞབས་ཞུར་བརྡ་ལན་བསློགས་ཏེ་རྒན་གསོའི་ཞབས་འདེགས་འབྲོག་ཁུལ་གྱི་འཐབ་ས་དང་པོར་གནད་ལ་འཁེལ་པོས་ཞུ་ཐུབ་པར་བྱས་ཡོད།
“ད་ལྟ་ཁྱིམ་གྱི་སྒོ་རྩར་ལྟ་སྐྱོང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ད་དུང་དང་བླངས་པ་རྟག་ཏུ་རོགས་པར་ཡོང་གི་འདུག་པས། ད་ཆ་འཚོ་བ་བག་ཕེབས་ལ་སྐྱིད་པོའང་འདུག” ལོ་68ལ་སླེབས་པའི་འདམ་གཞུང་རྫོང་གི་འབྲོག་མོ་ཆོས་སྒྲོན་གྱིས་ས་གནས་དེ་གའི་རྒན་གསོའི་ཞབས་ཞུར་བསྔགས་བརྗོད་དང་སྦྲགས་ནས་བཤད།
ཁྱིམ་དུ་སྡོད་པ་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་རྒྱབ་རྟེན་དུ་བྱེད་པ། ལས་ཁུངས་འདེགས་སྐྱོར་དུ་བྱེད་པ། སྨན་བཅོས་སྒྲིག་གཞི་དང་རྒན་གསོ་ཁང་ཟུང་འབྲེལ་བཅས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བཙུཌ་ནས་ས་མཐོའི་རྒན་རྒོན་རྣམས་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་རོལ་ཐུབ་པར་བྱེད་བཞིན་ཡོད།
བྱིས་པའི་ཕན་བདེས་ཕྲུ་གུ་ཚོའི་འཚར་ལོངས་ལ་སྲུང་སྐྱོང་བྱས་པ།
“ཟླ་རེར་ཁ་གསབ་ལེན་རྒྱུ་ཡོད་པ་མ་ཟད། སློབ་གྲྭས་ཀྱང་རོགས་སྐྱོར་དགེ་རྒན་བཀོད་སྒྲིག་གནང་བྱུང་། ངས་སློབ་སྦྱོང་ཡག་པོ་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་པ་འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་དོན་དངོས་ཐོག་གསོ་མཁན་མེད་པའི་བྱིས་པ་སྒྲོལ་མའི་སྙིང་གཏམ་རེད།
2025ལོར་རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས“བྱིས་པ་སྔོན་དུ་འཇོག་པའི”རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཐ་སྐྱོང་གི་ཚད་གཞི་མཐོ་རུ་གཏོང་བ་དང་། ཡིག་ཚགས་གནད་སྨིན་བཟོ་བ། ཆེད་དམིགས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕྱོགས་ཡོངས་ནས་མཐུན་རྐྱེན་བསྐྲུན་པ་རེད།
དཀའ་ངལ་ཡོད་པའི་བྱིས་པའི་འཚོ་བར་འགན་སྲུང་ཡོད་པ་དང་འཚར་ལོངས་ལ་བརྟེན་ས་ཡོད་པ་བྱེད་ཆེད། རང་ལྗོངས་ཀྱིས་སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཞིང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་དྭ་ཕྲུག(ལས་ཁུངས་ཀྱིས་གནས་སྐབས་ལྟ་སྐྱོང་བྱེད་པའི་དོན་དངོས་ཐོག་གསོ་མཁན་མེད་པའི་བྱིས་པ་ཚུད་པ)གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་སླར་ཡང་མཐོ་རུ་བཏང་བ་སྟེ། རིགས་གཉིས་པའི་ཁུལ་ལ་ཟླ་རེར་མི་རེར་སྒོར་1468དང་། རིགས་གསུམ་པའི་ཁུལ་ལ་ཟླ་རེར་མི་རེར་སྒོར་1762དང་། རིགས་བཞི་པའི་ཁུལ་ལ་ཟླ་རེར་མི་རེར་སྒོར་1982བཅས་ཟིན་ནས་ཆ་སྙོམས་འཕར་ཚད་8.4%ཟིན་ཡོད།
ལོ་ཧྲིལ་པོར་འགན་སྲུང་མ་དངུལ་སྒོར་ཁྲི་6399.24སྤྲད་པར་དྭ་ཕྲུག་3284དང་དོན་དངོས་ཐོག་གསོ་མཁན་མེད་པའི་བྱིས་པ་1129ལ་ཕན་པ་ཐོབ་པ་དང་། འགན་སྲུང་བྱ་ཡུལ་དེ་དྭ་ཕྲུག་ནས་དཀའ་ངལ་ཡོད་པའི་བྱིས་པ་སྣ་ཚོགས་བར་རྒྱ་སྐྱེད་བཏང་ནས། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པར་བྱས་པ་རེད།
2025ལོར་སྤྱི་ཚོགས་རོགས་སྐྱོབ་ཀྱི་གནད་སྨིན་ཐ་སྐྱོང་ནས་རྒན་གསོའི་ཞབས་ཞུའི་སྤུས་ལེགས་རིམ་སྤོར་བར་དང་། དེ་ནས་བྱིས་པའི་ཕན་བདེར་ཕྱོགས་ཡོངས་ནས་འགན་སྲུང་བྱས་པའི་བར། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་དངོས་སྒྲུབ་ཀྱི་བྱེད་ཐབས་རེ་རེར་བརྟེན་ནས་ས་མཐོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འགན་ལེན་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།