ཏང་གིས་ཕྱོཌ་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུཌ་སྣོན་རྒྱག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར། མི་དམངས་རང་ཁྱིམ་རང་བདག་ལ་རྒྱབ་སྐྱོར་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཐབས་ཇུས་ལག་བསྟར་ཡག་པོ་བྱེད་དགོས”ཞེས་ནན་པོ་གསུངས་ཡོད། ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གླེང་སྐབས་མི་མི་ཉུང་བ་ཞིག་གིས“མཐོ་ཆེ་ལེགས”གསུམ་གྱི་རིགས་པའི་གཞུང་ལུགས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་དེ་ནི་ས་མཐོའི་མཁའ་རླུང་དང་ཉི་འོད་དང་འདྲ་བར་ང་ཚོའི་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད་པ་སྟེ། ཞིང་འབྲོག་པས་བཅའ་ཁྲིམས་ལ་བརྟེན་ནས་ས་ཞིང་འགན་གཙང་གི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། ཡུལ་སྐོར་བར་ཉོ་སྒྲུབ་རྩོད་གཞི་འཕྲད་ན་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ཐུབ་པ། གཞི་རིམ་དུ་བྱ་བ་སྒྲུབ་པར་ཚད་ལྡན་གྱི་བརྒྱུད་རིམ་གཞི་འཛིན་ས་ཡོད་པ་དེ་དག་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཁྲིམས་སྐྱོང་འཛུགས་སྐྱོང་དང་ཁ་འབྲལ་ཐབས་མེད།
ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི“མཚོ་རྟེན་ཀ་བ”ལྟ་བུ་ཡིན། ཀྲུང་གོའི་ལས་དོན་ལེགས་པར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད་ལ། ཁྲིམས་སྐྱོང་འཛུགས་སྐྱོང་ཡང་དེ་ལྟར་ཡིན། “ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བཏོན་པ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆགས་པའི་བར་དང་། “བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ”ནས“ཁྲིམས་བཟང་སྐྱོང་མཁས་བྱེད་པའི”བར་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ང་ཚོས་གཞི་ནས་སྤྱི་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱས་ཏེ་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཁ་ཕྱོགས་མི་ཡོ་བ་དང་འབྲེལ་ཐག་མི་ཆད་པ་བྱེད་ཐུབ། གྲུ་གཟིངས་ཆེན་པོ་ཞིག་མཚོ་འགྲུལ་བྱེད་པ་དང་འདྲ་བར་ཀྲུང་གོ་གུང་ཁྲན་ཏང་ནི་ཁ་ལོ་སྒྱུར་མཁན་ཞིག་ཡིན་པས། ཁྲིམས་སྐྱོང་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་ལངས་ཕྱོགས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲང་གཞག་ནི་ཁྲིམས་སྐྱོང་གི་སྲོག་རྩ་ཡིན”ཞེས་ནན་བཤད་གནང་བ་དང་། བཀའ་མོལ་དེ་མི་སེར་གྱི་སེམས་ལ་གཏིང་ཟབ་ཟུག་ཡོད། ཏང་གིས་འགོ་ཁྲིད་བྱས་པའི་ཁྲིམས་སྐྱོང་ནི་བཙན་ཐབས་ཀྱི་དོན་ཚན་ཞིག་མིན་པར་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྲུང་སྐྱོང་ཞིག་རེད། ཁྲིམས་འཛུགས་སྐབས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་ནས་བཅའ་ཁྲིམས་ཀྱིས་མི་དམངས་ཀྱི་འདོད་བློ་དངོས་སུ་མཚོན་ཐབས་བྱས་པ་དང་། ཁྲིམས་སྒྱུར་བྱེད་སྐབས་ཚད་ལྡན་དང་ཡ་རབས་ཀྱི་ཁྲིམས་སྒྱུར་བྱས་ནས་མང་ཚོགས་ལ་ཁྲིམས་སྒྱུར་བྱེད་རིང་དྲང་གཞག་དང་དྲང་བདེན་ཚོར་ཐབས་བྱས་པ། ཁྲིམས་འཛིན་བྱེད་སྐབས་དྲང་གཞག་དྲང་བདེན་གྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་ཁྲིམས་ལྟར་གྱོད་གཞི་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་པ་བཅས་རེད། ནག་སེལ་གཤེད་བཅོམ་གྱིས་སྤྱི་ཚོགས་སྔར་བས་དུས་བདེ་ཡོང་བར་བྱས་པ་ནས་དམངས་དོན་ཁྲིམས་གཞུང་གིས་ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་བར་དང་། དེ་ནས་དྲ་ཐོག་གྱོད་དོན་ཐོ་འགོད་བྱས་ཏེ་ཁེ་དབང་སྲུང་སྐྱོང་དེ་བས་སྟབས་བདེ་ཡོང་བར་བྱས་པ་དང་། ཁྲིམས་སྐྱོང་གི་འོད་སྣང་འཚོ་བའི་གང་སར་ཁྱབ་པར་བྱས་ཡོད།
ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ནི་མི་ཚང་མ་ཞུགས་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པར་འཆར་གཞི་ཡག་པོ་བཏིང་བ་མ་ཟད། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད། ཕྱོགས་གཅིག་ནས“འགག་རྩའི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱས་ཏེ། ཁོང་ཚོ་རང་ཉིད་ཀྱིས་སྣེ་ཁྲིད་ནས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ཏེ། མང་ཚོགས་ལ་མིག་དཔེ་འདོན་དགོས་པ་དང་། ཕྱོགས་གཞན་ཞིག་ནས“སུས་ཁྲིམས་སྒྱུར་བྱས་ཚེ་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ”ལག་བསྟར་གྱིས་བཅའ་ཁྲིམས་ཤེས་བྱ་སྡེ་ཁུལ་དང་། སློབ་གྲྭ ཁེ་ལས་བཅས་སུ་ཁྱབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ད་ཆ་གནད་དོན་འཕྲད་ན་ཁྲིམས་འཚོལ་དགོས་པ་དང་། ཁྲིམས་ལྟར་བྱ་བ་སྒྲུབ་པ། གནད་དོན་ཐག་གཅོད་བྱེད་པར་བཅའ་ཁྲིམས་ལ་བརྟེན་པ་བཅས་ནི་མི་མང་པོ་ཞིག་གི་རང་རྟོགས་ཀྱི་གདམ་གར་གྱུར་ཡོད། ཚོང་པས་ཁ་དན་ཚིག་གནས་ངང་གཉེར་སྐྱོང་བྱེད་པའམ་ཡང་ན་ཁྱིམ་མཚེས་ཀྱིས་ཁྲིམས་ལྟར་འགལ་བ་ཐག་གཅོད་བྱེད་པ་གང་ཞིག་ཡིན་རུང་མི་ཚང་མའི་ཁྲིམས་སྲུང་བྱ་སྤྱོད་ཀྱིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ནུས་པ་བཏོན་ཡོད།
ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་འབུར་དུ་ཐོན་པའི་ལེགས་ཆ་ཞིག་རེད། ཏང་གི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་ཅིག་ཡིན་ལ། དམངས་འཚོ་སྲུང་སྐྱོང་བྱེད་པའི་་སྲུང་བཅད་བརྟན་པོ་ཞིག་ཀྱང་རེད། དེས་ང་ཚོའི་སྤྱི་ཚོགས་སྔར་བས་གོ་རིམ་ལྡན་པ་དང་། ཁེ་དབང་སྔར་བས་འགན་སྲུང་ཐུབ་པ། འཕེལ་རྒྱས་ལ་སྔར་བས་གདེང་ཚོད་ཡོད་པ་བཅས་བྱུང་ཡོད། མི་དཀྱུས་མ་ཞིག་གི་ངོས་ནས་ང་ཚོ་ནི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཕན་པ་ཐོབ་མཁན་ཡིན་ལ་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཀྱང་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་ཐུན་མོང་ཐོག་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ཚེ། གངས་ལྗོངས་ས་མཐོར་ནམ་ཡང་ཁྲིམས་སྐྱོང་གི་མེ་ཏོག་བཞད་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་འཛུགས་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།