ས་མཐོའི་འབྲི་ཞོ་སྐད་གྲགས་ཆོད།
མེས་པོའི་ལག་ཤེས་དར་སྤེལ་བཏང་། ཡུལ་ཟོག་ཐོན་རྫས་བྲིན་ཁ་རྒྱུག
དགུན་དུས་ཀྱི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ་གྲང་རླུང་འུར་འུར་དུ་ལྡང་ཡང་ཚོང་འདུས་འཚོགས་སར་མི་ཚོགས་ཀྱིས་ཁེངས།
ཁྲོམ་བཀྱག་300ལྷག་ཙམ་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད་ལ། ཚོང་འགུག་པའི་སྐད་སྒྲ་དང་། དགོད་སྒྲ། རིན་གོང་སྒྲིག་པའི་སྐད་སྒྲ་བཅས་ཐོས་འཛིན་རྣ་བར་གསལ་ལྷང་ངེར་གྲགས་འོང་། ཁྱད་ལྡན་ཞིང་ཟོག་ཐོན་རྫས་འགྲེམས་ཁུལ་གྱི་ཁྲོམ་བཀྱག་ཅིག་གི་མདུན་དུ་མི་མང་པོ་ཞིག་གྲང་རླུང་ལ་མི་འཛེམ་པར་བང་བསྒྲིགས་ནས“ལྡེ་མིག་གསུམ”གྱི་འབྲི་ཞོའི་བྲོ་བ་མྱོང་བཞིན་མཆིས།
འབྲི་ཞོ་འདིར་གཞན་དང་མི་འདྲའི་ཁྱད་ཆོས་གང་ཞིག་ཡོད་དམ། བང་སྒྲིག་པའི་མི་ཚོགས་དང་མཉམ་དུ་མདུན་དུ་ཕྱིན་ན་གཞོན་ནུ་ཞིག་གིས་བྱང་ཆ་ལྡན་པོས་ཐུམ་སྒྲིལ་རྒྱག་བཞིན་དུ“ཞོ་འདི་མེས་པོའི་དུས་ནས་དར་བའི་བཟོ་རྩལ་ལ་བརྟེན་ནས་བསྙལ་བ་ཞིག་ཡིན། སོས་ཉར་དུས་ཡུན་ཉིན་བཅོ་ལྔ་ཡིན། རྒྱལ་ཡོངས་ཀྱི་ས་གནས་གང་སར་བསྐུར་ཐུབ”ཅེས་བརྗོད་བཞིན་འདུག
ཁོང་གི་མིང་ལ་ཕུན་ཚོགས་དབང་འདུས་ཟེར་ཞིང་། ད་ལོ་ཀོང་ཤིས་ཀྱི་སློབ་ཆེན་ཞིག་ནས་ཐོན་པའི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། ཁོང་གིས་གྲོང་ཁྱེར་དུ་ལས་ཀར་ཞུགས་པའི་གོ་སྐབས་དོར་ནས་ཕ་ཡུལ་གྱི་ཅུང་མཚོ་གྲོང་ཚོར་ཕྱིར་ལོག་སྟེ། ཁྱིམ་གྱི་མཉམ་ལས་ཁང་དུ་ལས་ཀར་གཞོལ་ནས“ལྡེ་མིག་གསུམ”གྱི་འགན་འཁུར་བ་གསར་པར་གྱུར་ཡོད།
“ལྡེ་མིག་གསུམ”ནི་ལྷོ་ཁ་གྲོང་ཁྱེར་དུ་སྐད་གྲགས་ཡོད་པའི་སྤུས་རྟགས་ཤིག་ཡིན་ཞིང་། མཚོ་སྨད་རྫོང་ཅུང་མཚོ་གྲོང་ཚོའི་འབྲི་ཞོ་དང་ཚགས་ཤ་སྐམ་པོར་རྒན་རྒོན་ཚང་མས་དགའ་པོ་བྱེད་ཀྱི་ཡོད།
ཡིན་ནའང་སྲོལ་རྒྱུན་གྱི་ཞོ་སྙོལ་སྟངས་ཀྱི་སོས་ཉར་དུས་ཡུན་ཉིན་གསུམ་ལས་མེད་པས་མཚོ་སྨད་རྫོང་ནས་མ་དོན་གོང་ཞོ་ཡི་བྲོ་བ་འགྱུར་གྱི་ཡོད།
ཕུན་ཚོགས་དབང་འདུས་ཕ་ཡུལ་ཏུ་ལོག་མ་ཐག་མེས་པོའི་ལག་ཤེས་རིམ་སྤོར་གཏོང་བར་གཞོལ་ཡོད། ཁོང་གིས་ཕྲ་སྲིན་མེད་པའི་ཐུམ་སྒྲིལ་རྒྱག་ཆས་དང་པ་ཧྲིའི་ནད་འབུ་སེལ་བའི་ལག་རྩལ་ནང་འདྲེན་བྱས་ཏེ། སོས་ཉར་དུས་ཡུན་ཉིན་གསུམ་ནས་བཅོ་ལྔ་བར་རིང་དུ་བཏང་བ་མ་ཟད། གཅིག་གྱུར་གྱི་ཚོང་རྟགས་ཀྱང་ཇུས་འགོད་བྱས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་འབྲི་ཞོ་དེའི་རིན་ཐང་སྔར་བས་ཆེ་རུ་བཏང་ཡོད།
ད་ཆའི“ལྡེ་མིག་གསུམ”གྱིས་འབྲི་ཞོ་ཙམ་མ་ཟད། ཚགས་ཤ་སྐམ་པོ་དང་། འོ་མའི་དག་རྫས། འོ་མའི་མཆུ་ཚོས་བཅས་དང་ཐ་ན་བྲོ་བ་མི་འདྲ་བའི་འཁྱགས་ཞོ་སོགས་བཙོངས་པར་ན་གཞོན་མང་པོའི་དགའ་བསུ་ཐོབ་བཞིན་ཡོད།
དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་ཤུགས་རྒྱབ་པས“ལྡེ་མིག་གསུམ”གྱི་ཚོང་ལམ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད།
མིག་སྔའི་བར“ལྡེ་མིག་གསུམ”གྱི་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་45ལྷག་ཙམ་ཟིན་པ་དེ་ན་ནིང་ལས་བཅུ་ཆ་བཞི་འཕར་ཡོད། སྤུས་རྟགས་དེའི་ཚོང་རྫས་ལྷོ་ཁ་དང་ལྷ་སའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་ཕྱིར་འཚོང་བྱེད་ཀྱི་ཡོད་པ་མ་ཟད། དྲ་ཐོག་ནས་དེ་བས་ཐག་རིང་ས་ཆར་ཡང་བཙོང་བཞིན་ཡོད།
ཕུན་ཚོགས་དབང་འདུས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དེ་མཚོ་སྨད་རྫོང་ལ་མཚོན་ན་གནས་ཚུལ་གསར་པ་ཞིག་གཏན་ནས་མ་རེད།
མཚོ་སྨད་རྫོང་མི་སྤྱི་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2020ལོ་ནས་བཟུང་། རྫོང་ཡོངས་སུ་སློབ་ཆེན་སློབ་མ་99ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པར་འབྲས་བུ་མི་དམན་པ་ཐོབ་ཡོད། གྲི་གུ་གྲོང་རྡལ་གྱི་ཚེ་རིང་ནོར་བུས་དྲ་ཚོང་ཚོགས་པ་བཙུགས་ནས་ཚགས་ཤ་སྐམ་པོ་རྒྱལ་ཡོངས་ཀྱི་ས་ཆ་གང་སར་བཙོངས་ཡོད་པ་དང་། ཉི་མ་བསམ་གཏན་གྱིས“ཨ་མ་སྒྲོན”ཞེས་པའི་བོད་ཀྱི་སྦྲང་རྩིའི་སྤུས་རྟགས་བཏོད་པར་ལོའི་ཕྱིར་འཚོང་དངུལ་འབོར་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།