དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྩྭ་ཐང་ལ་གཅེས་སྐྱོང་བྱེད་པ་ནི་སེམས་གཏིང་ལ་འཇགས་པའི་ལུགས་སྲོལ་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-03

    འདི་ནི་སྐོར་སྲུང་རུ་མི་རྣམས་ཞོགས་པའི་ཉི་འོད་ཁྲོད་རྡོག་ཐོན་བྱེད་བཞིན་པ།

    “སང་ཉིན་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་ཨ་མདོ་རྫོང་ལ་ཐོན་དགོས། ལམ་ཐག་ཧ་ལམ་སྤྱི་ལེ་340ཙམ་ཡོད་ལ་གཙོ་བོ་ས་ལམ་ཡིན་པས་ལམ་དེ་ཙམ་བདེ་པོ་མེད”ཅེས་སྔ་ཉིན་དགོང་མོར་ང་ཚོར་ཨ་མདོ་རྫོང་གི་བདག་སྐྱོང་པ་དང་ལྷན་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལ་བྱང་རྒྱུད་ས་ཁོངས་སུ་འགྲོ་དགོས་པའི་གོང་གསལ་གྱི་བརྡ་ཐོ་ཐུང་ངུ་དེ་འབྱོར།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་2021ལོའི་ཟླ་9པར་བཀའ་མཆན་སྤྲད་ནས་བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་19.07ཟིན་པ་དང་། གདང་ལའི་བྱང་རྒྱུད་བོད་རང་སྐྱོང་ལྗོངས་ཀྱིས་དངོས་སུ་སྤྱོད་པའི་དོ་དམ་ཁུལ(གདང་ལའི་བྱང་རྒྱུད་ས་ཁོངས་ཞེས་བསྡུ་རྒྱུ)གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.87ཟིན་ཁར་བོད་ཀྱི་ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་དང་། སྙན་རོང་། སྦྲ་ཆེན་བཅས་ཀྱི་རྫོང་གསུམ་དང་འབྲེལ་ཡོད། ཡུལ་དེ་གར་དཔེ་མཚོན་གྱི་མཐོ་གྲང་སྤང་སའི་སྐྱེ་ཁམས་མ་ལག་དང་མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་ཡོད་པ་དང་། དེ་ནི་འབྲི་ཆུ་དང་རྫ་ཆུའི་འབྱུང་ཁུངས་དང་རང་རྒྱལ་གྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན་ལ། གཙང་གསུམ་ཆུ་འགོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།

    གཅིག

    ངས་བཅར་འདྲི་བྱེད་བདེ་བའི་ཆེད་དུ། སྐོར་སྲུང་ཚོགས་ཆུང་གིས་ཆེད་མངགས་ང་སྡོད་སའི་རླངས་འཁོར་གྱི་ཁ་ལོ་བའི་འཁྲིས་ཀྱི་སྡོད་སར“སྐོར་སྐྱོད་བཅར་འདྲིའི་སྡོད་ས”བཀོད་སྒྲིག་བྱས་ནས་ཉིན་ལྟར་སྐོར་སྲུང་བ་རེ་བརྗེ་རེས་བྱེད་ཀྱི་ཡོད། དེ་རིང“སྐོར་སྐྱོད་བཅར་འདྲིའི་སྡོད་ས”དེར་སྡོད་མཁན་ནི་ཨ་མདོ་རྫོང་ཤག་ཤོད་སྨད་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཨ་ནན་རེད།

    ཨ་ནན་ནི་ཤ་རྩི་ནག་ལ་མིག་ཟུང་གྲུང་ཞིང་། ཁོང་གིས་དོ་དམ་སྲུང་སྐྱོང་ས་ཚིགས་སྐོར་གླེང་སྐབས་བརྩེ་དུང་ཟབ་མོ་དང་སྤོབས་པ་ཆེན་པོས་ཁེངས་ཡོད། “ཤག་ཤོད་སྨད་བདག་སྐྱོང་ས་ཚིགས་ནི་རྨ་ཆུ་ཤང་དུ་གནས་པ་དང་ས་བབ་སྨི་5200ཙམ་ཟིན་ཁར། འབྲི་ཆུའི་ཆུ་འགོ་སྐུ་ལྷ་དར་གདོང་སྤྱང་རྒན་དེའུ་རུག་འཁྱགས་རོམ་ནི་ས་ཁོངས་འདི་གར་ཡོད”ཅེས་ཁོང་གིས་བཤད།

    ཨ་ནན་ཆུང་དུས་ནས་ཨ་ཕ་དང་མཉམ་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་ཤིང་། ཨ་ཕས་དུས་རྒྱུན་དུ་ཡུལ་ལུང་འདི་གའི་རྩྭ་ཆུ་གཉིས་ཀས་ང་ཚོ་དང་ནོར་ལུག་བསྐྱངས་པ་ཡིན་པས་གཏོར་སྐྱོན་ཅུང་ཙམ་མི་ཕོག་པ་བྱེད་དགོས་ལ། རི་ཐང་དུ་མེ་བུས་རྗེས་མེ་ཡག་པོ་གསོད་དགོས་ལ་ཤ་བླུག་སའི་ཁུག་མ་ཚང་མ་འཁྱེར་དགོས། རང་ཉིད་ཀྱིས་དབྱུགས་པའི་གད་སྙིགས་མིན་ནའང་གཙང་སེལ་བྱེད་དགོས་པ་དང་། རང་ཁྱིམ་གྱི་སྒོ་རའི་ནང་གད་བདར་བྱེད་པ་བཞིན་རྩྭ་ཐང་ལ་གཅེས་སྐྱོང་བྱེད་དགོས་པ་སོགས་རྟག་པར་ཤོད་ཀྱི་ཡོད། ད་ཆ་ཨ་ཕ་ཚེ་ལས་འདས་ཟིན་མོད། ཁོང་གི་སྐད་ཆ་དེ་དག་ནི་ཐོག་མཐའ་བར་གསུམ་དུ་ཨ་ནན་གྱི་སྤྱོད་ལམ་དུ་གྱུར་ཡོད། ཨ་ནན་གྱིས“ཆུ་དང་གཙང་པོ་དང་དེ་བཞིན་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་སེམས་གཏིང་ལ་འཇགས་པའི་ལུགས་སྲོལ་ཡིན”ཞེས་བློ་ཐག་ཆོད་པོའི་ངང་བཤད།

    2015ལོར་ཤག་ཤོད་སྨད་དོ་དམ་སྲུང་སྐྱོང་ས་ཚིགས་བཙུགས་པ་དང་ཨ་ནན་གྱིས་རང་འགུལ་ངང་རེ་ཞུ་བྱས་ཏེ་དོ་དམ་སྲུང་སྐྱོང་པ་ཞིག་ཏུ་གྱུར། “དེ་སྔོན་འཁྱགས་རོམ་དང་ཆུ་བོ་ནི་རང་ཁྱིམ་གྱི་སྒོ་རྩའི་བརྟེན་ས་ཁོ་ནར་རྩི་ཡི་ཡོད། ཕྱིས་སུ་གྲོང་ཚོའི་ནང་ང་ཚོའི་ས་ཆ་ནི་འབྲི་ཆུའི་ཆུ་འགོ་ཡིན་ཞེས་སྒྲོག་འགྲེལ་བྱེད་པ་དང་། བརྡ་ཁྱབ་བྱང་བུའི་ཐོག་གི‘འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད’ཅེས་པའི་ཡི་གེ་མངོན་གསལ་དོད་པོར་མཐོང་བས། ཡུལ་ལུང་འདི་ནི་བྱང་ཐང་གི་རྩི་ཤིང་དང་སྲོག་ཆགས་ཀུན་གྱི་འཚོ་གནས་བྱེད་ས་ཡིན་པ་མ་ཟད། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དུད་ཁྱིམ་མང་པོར་འབྲེལ་བ་དམ་ཟབ་ཡོད་པ་ང་ཚོས་དེ་བས་གསལ་པོར་རྟོགས་བྱུང”

    གཉིས།

    བདག་སྐྱོང་ས་ཚིགས་ནི་འབྲི་ཆུའི་ཆུ་འགོ་དང་བར་ཐག་སྤྱི་ལེ་60ཙམ་ཡོད་པ་དང་འགྲོ་ལམ་མེད། སྐོར་སྲུང་བྱེད་སྐབས་མུ་མཐའ་མེད་པའི་ཐང་སྟོང་དུ་ཐག་རིང་གི་རི་བོ་ཁ་ཕྱོགས་སུ་བྱེད་པ་དང་། ཕ་བོང་དག་ལམ་རྟགས་སུ་བརྩིས་ནས་གོམ་པ་རེ་རེ་བཞིན་སྐྱོད་དགོས་ཀྱི་ཡོད། རྟག་ཏུ་ཁ་བ་བུ་ཡུག་དང་སེར་བ་ཁྲོད་སྐྱོད་དགོས་པའི་ཁར་རླངས་འཁོར་འདམ་རྫབ་ཏུ་ཟུག་ནས་ཐང་སྟོང་དུ་ལུས་པ་ནི་དེ་བས་ཀྱང་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད།

    “ད་ཆ་ཡག་པོ་འདུག ཤང་དུ་འབྲོག་པ་ཚོས་འབྲི་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་བཙུགས་ཡོད་པས། རྒྱུན་གཏན་གྱི་སྐོར་སྲུང་ཁོང་ཚོས་བྱེད་ཀྱི་ཡོད་ལ་དོན་དག་ཛ་དྲག་འཕྲད་ཚེ་ང་ཚོར་འབྲེལ་གཏུག་བྱེད་ཀྱི་ཡོད། ང་ཚོ་གཟའ་འཁོར་རེར་ཐེངས་གཅིག་གཉིས་ལས་འགྲོ་དགོས་ཀྱི་མེད། ཁོང་ཚོ་ཡོད་པས་ང་ཚོའི་ཁུར་པོ་ཡང་དུ་ཕྱིན་པ་དང་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད”ཅེས་ཨ་ནན་གྱིས་དགོད་བཞིན་དུ་བཤད།

    “ད་ལོ་གདང་ལའི་བྱང་རྒྱུད་ས་ཁོངས་ཀྱི་འབྲོག་པ་6102ཀྱིས་ལག་ཁྱེར་འཁྱེར་ནས་ལས་ཀར་ཞུགས་པས་མི་རེར་ལོ་རེར་ཁ་གསབ་སྒོར་ཁྲི་1.2རག་པ་མ་ཟད། དུད་ཚང་སོ་སོར་ད་དུང་ལབ་པར་སྤྲད་དེ་ཁྱིམ་གཞིས་སྲུང་བར“ལག་རོགས་ཡག་པོ”ཞིག་མང་དུ་ཕྱིན་ཡོད། འགྲམ་དུ་ཡོད་པའི་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་པ་བཀྲ་ཤིས་དངོས་གྲུབ་ཀྱིས་གདང་ལའི་བྱང་རྒྱུད་ས་ཁོངས་ལ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་སྲུང་ཕན་ཚུན་མཐུན་སྦྱོར་བྱུང་ནས་ས་ཁོངས་དེའི་དོན་དངོས་དང་འཚམ་པའི“ཁྱིམ་ཚང་རེར་ལས་གནས་རེའི”སྐྱེ་ཁམས་བདག་སྐྱོང་གི་ལས་གནས་ཐབས་ལམ་འཚོལ་ཞིབ་ཐུབ་སྟེ་འབྲོག་པ་རྣམས་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྲུང་མཁན་ཞིག་ཏུ་གྱུར་ཡོད་ཅེས་བཤད།

    གསུམ།

    ཤག་ཤོད་སྨད་བདག་སྐྱོང་ས་ཚིགས་སུ་ལས་གནས་བརྗེ་རེས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་དང་རུ་མི་16རུ་ཁག་གཉིས་ལ་བགོས་ནས་ཟླ་རེར་ཐེངས་རེ་བརྗེ་ཡི་ཡོད། “ཀྲན་ཀྲང་ཡིན་པའི་ང་ལ་ཟླ་རེར་མི་གཞན་དག་ལས་སྒོར་200ཡིས་མང་བ་ཡོད། ངས་དངུལ་མང་བ་བླངས་ནས་རང་གི་ལས་གནས་ཐོག་འགན་འཁྲི་དེ་བས་མང་བ་འཁུར་དགོས” དེའི་ཐད་ཁོང་གིས་ལོ་ལྟར་རང་འགུལ་ངང་ས་ཚིགས་སུ་ལས་ཀ་ཟླ་བ་གཅིག་གིས་མང་བ་བྱེད་ཀྱི་ཡོད།

    “ནང་མིས་བསམ་འཆར་འདོན་གྱི་མི་འདུག་གམ”ཅེས་ངས་སོམ་ཉིའི་ངང་དྲིས།

    “རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག” ངའི་ཁྱིམ་དུ་བུ་མོ་ཆེ་བ་དང་བུ་འབྲིང་བས་ཨ་མར་ཕྱུགས་འཚོ་རོགས་བྱེད་ཐུབ་པ་དང་། གཞན་ཡང་ཕྲུ་གུ་བཞི་ཕྱིར་སློབ་སྦྱོང་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པས་ཟ་སྡོད་སློབ་གསུམ་ལ་སེམས་ཁྲལ་རྩ་བ་ནས་བྱེད་དགོས་མེད། ངའི་ཁྱིམ་ས་ཚིགས་དང་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད། ལས་རེས་བྱེད་རིང་ང་ཧ་ལམ་ནང་ལ་ལོག་གི་མེད་ཅེས་ཁོང་གིས་མུ་མཐུད་ནས་བཤད།

    ཨ་ནན་གྱིས་ལག་པ་རྡེབ་ཙམ་བྱས་ཏེ་ཁྱིམ་གྱི་ཡོང་འབབ་རྩིས་བརྒྱབ་ནས་རང་ལ་ཕྱིས་འབྱུང་གི་སེམས་ཁྲལ་གང་ཡང་མེད་པའི་ངང་ཚུལ་སྟོན་གྱིན་དེ་ལྟར་བཤད། “ན་ནིང་འབྲོག་ལས་ཀྱི་ཡོང་འབབ་སྒོར་ཁྲི་ལྔ་ཟིན་པ་དང་། རྩྭ་རའི་ཁ་གསབ་སྒོར་ཁྲི་དྲུག་དང་བཞི་སྟོང་ཟིན་པ། རང་ཉིད་ཀྱིས་སྒོར་ཁྲི་གསུམ་བསགས་པ། བུ་རྒན་པའི་སྐྱེ་ཁམས་བདག་སྐྱོང་ལས་གནས་ཀྱི་ཁ་གསབ་སྒོར་ཁྲི་གཅིག་དང་ཉིས་སྟོང་སོགས། བསྡོམས་རྩིས་བརྒྱབ་ན་ལོ་དེར་སྒོར་ཁྲི་བཅུ་དྲུག་ཙམ་ཟིན་གྱི་འདུག འཚོ་བར་སེམས་ཁྲལ་གང་ཡང་བྱེད་དགོས་མེད་པར་ད་དུང་རང་ཉིད་ལ་མཁོ་བའི་ཅ་ལག་ཀྱང་ཉོ་ཐུབ། ཁྱིམ་དུ་ཕི་ཁ་རླངས་འཁོར་ཉོས་ནས་དགུན་ཁ་ངལ་གསོའི་སྐབས་ལྷ་སར་ལོ་གསར་གྱི་མཁོ་ཆས་ཉོ་བར་སྐྱོད་པ་དང་ཕྲུ་གུ་བསུ་བར་ཡང་སྐྱོད་ཆོག”

    ཨ་ནན་གྱིས་ལུས་པོ་འགུལ་ཙམ་བྱས་ནས་རླངས་འཁོར་གྱི་ཕྱི་རོལ་དུ་ལྟ་བཞིན། “ཏང་དང་སྲིད་གཞུང་གིས་ང་ཚོར་ཡག་པོ་འདི་འདྲ་གནང་བས་ང་ཚོས་ལས་ཀ་ཡག་པོ་བྱེད་དགོས་ངེས་རེད”ཅེས་བཤད།

    2025ལོའི་ཟླ་12ཚེས་25ཉིན་གྱི་ཐོ་རེངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།