རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་བྱ་ཐབས》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་བཀྲམ་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
《བྱ་ཐབས》ནི་ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གི་མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་རེད། དེའི་དམིགས་ཡུལ་གཙོ་བོ་ནི། ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་། ལེགས་བསྡུས་དང་བདེ་འཇགས་བེད་སྤྱོད་བཅས་ལ་ཤུགས་རྒྱག་པ། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ་དེ་ཐེག་ནུས་ཁྱབ་ཁོངས་ནང་ཚོད་འཛིན་བཅས་བྱས་ཏེ། ཚད་ཡོད་ཀྱི་ཆུའི་ཐོན་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་འགན་སྲུང་གང་ལེགས་ཐུབ་པ་བྱ་རྒྱུ་དེ་རེད།
《བྱ་ཐབས》ནང་གཏན་འབེབས་བྱས་དོན། དཔྱད་ཞིབ་ལས་དོན་གྱིས་དམིགས་ཚད་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་དཔྱད་ཞིབ་དམིགས་ཚད་གཏན་འཁེལ་བྱེད་དགོས་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཁུ་བསྡུ་དང་ཕན་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་ཀྱི་ནང་དོན་སྟབས་བདེ་རུ་དང་ལེགས་སུ་གཏོང་དགོས་པ། དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་ཕན་འབྲས་ལ་མཐོང་ཆེན་མཐའ་འཁྱོངས་བྱས་ནས་དཔྱད་ཞིབ་བྱས་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔྱད་ཞིབ་ཀྱི་ནང་དོན་གྲས་སུ་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་ཀྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཆུའི་ཐོན་ཁུངས་གཞིགས་ནས་སྤེལ་བར་སྐུལ་འདེད་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ངང་བེད་སྤྱོད། ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་དང་ཐེག་ཚད་ལས་བརྒལ་རིགས་བཅོས་སྐྱོང་། ཆུའི་ཐོན་ཁུངས་ལྟ་འདོམས་སོགས་ལས་འགན་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ། དེ་བཞིན་འགན་འཁྲི་དོན་འཁྱོལ་དང་སྒྱུར་བཅོས་གསར་གཏོད་ཀྱི་གནས་ཚུལ་བཅས་ཚུད་ཡོད། ལོ་རེར་དཔྱད་ཞིབ་ཐེངས་རེ་བྱ་རྒྱུ་ཡིན་པའི་གྲས་སུ་གཙོ་བོ་རང་ངོས་གདེང་འཇོག་དང་། ཞིབ་དཔྱད་སྐར་གྲངས་དཔྱད་བསྡུར། ཕྱོགས་བསྡུས་གདེང་འཇོག ཞིབ་དཔྱད་བྱས་འབྲས་ཚུར་ལན་སྤྲོད་པ། དེ་བཞིན་སྤྱི་བསྒྲགས་སོགས་ཀྱི་གོ་རིམ་ཚུད་པ་དང་། དཔྱད་ཞིབ་བྱས་འབྲས་དེ་ཕུལ་བྱུང་དང་། ལེགས་པ། ཚད་ལྡན། ཚད་མ་ལོན་པ་བཅས་རིམ་པ་བཞི་རུ་ཕྱེ་བ། དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པའི་གཙོ་སྐྱོང་སྡེ་ཚན་ལ་རྩིས་སྤྲད་ནས། ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གི་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་འགོ་ཁྲིད་ཚན་ཁག་གི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་དཔྱད་གཞི་གལ་ཆེན་དུ་འཛིན་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།