དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་བབ་སྲིད་ཇུས་སྐོར་གྱི་སྙན་ཞུའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱིས་མཉམ་དུ་གཉེར་བའི་དུས་བབ་སྲིད་ཇུས་སྐོར་གྱི་སྙན་ཞུའི་ཚོགས་འདུ་ཐེངས་བཞི་པ་2025ལོའི་ཟླ་12ཚེས་29ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོང་དོན་པུའུ་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཝང་ཝུན་ཐའོ་ཡིས“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི”ཆེད་དོན་སྙན་ཞུ་གནང་བ་རེད།

    ཝང་ཝུན་ཐའོ་ཡིས་སྙན་ཞུའི་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་སྣེ་ཁྲིད་ཕྱོགས་སྟོན་གནང་བས། ཕྱི་ཕྱོགས་སྒོ་དབྱེར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། ད་དུང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཀྱང་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྐས་རིམ་གསར་པར་སླེབས་པ། རང་ཚུགས་སྒོ་དབྱེར་ཚད་བརྒལ་གསར་པ་བྱུང་བ། སྒོ་དབྱེ་མཉམ་ལས་ལ་བྱས་རྗེས་གསར་པ་མངོན་པ། སྒོ་དབྱེ་སྣེ་ཁྲིད་ལ་འགན་འཁྲི་གསར་པ་མངོན་པ་བཅས་བྱུང་ནས་རང་ངོས་འཕེལ་རྒྱས་བཏང་བ་དང་ཆབས་ཅིག འཛམ་གླིང་ལ་བདེ་སྐྱིད་ཀྱང་བསྐྲུན་ཡོད།

    ཝང་ཝུན་ཐའོ་ཡིས་ངོས་འཛིན་གནང་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་བའི་ཐབས་ལམ་གལ་ཆེན། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་རང་འགུལ་གྱི་བྱ་སྤྱོད། ཕྱིའི་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་གདམ་ག་བཅས་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་ཡོད། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་བྱས་པ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ལ་མགྱོགས་མྱུར་ཚད་བརྒལ་བྱུང་བ་རེད།

    ཝང་ཝུན་ཐའོ་ཡིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གིས་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ཁྲོད་ཀྱི“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་པའི”སྐོར་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་སྐྱེད་བཅས་བཏང་ནས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས། རང་ཚུགས་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་བྱས་ཐོག ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་ནས་ཁྲོམ་རར་ཞུགས་འཐུས་དང་སྒོ་དབྱེའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་རྒྱ་ཆེར་གཏོང་བ། ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉོ་ཚོང་རྒྱལ་ཁབ་སྟོབས་ཆེན་གྱི“ཀ་རྟེན་ཆེན་པོ་གསུམ”བརྟན་དུ་གཏོང་བ། ཕྱོགས་གཉིས་མ་འཇོག་གི་མཉམ་ལས་ཀྱི་བར་མཐོངས་ཆེ་རུ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་འགུག་པའི་ལེགས་ཆ་གསར་པ་གཏོད་པ། ཕྱི་ཕྱོགས་མ་འཇོག་དོ་དམ་ནུས་ལྡན་བྱེད་པ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བཅས་བྱས་ནས། གཉིས་ཕན་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།