དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཟུགས་བརྙན་གྱི་གོ་ལ་ཧྲིལ་པོའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དགའ་མོས་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲུའུ་ཅུན།   |     སྤེལ་དུས།  2026-01-03

    2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཟུགས་བརྙན་གྱི་གོ་ལ་ཧྲིལ་པོའི་བརྟག་དཔྱད་སྙན་ཞུ་2025ལོའི་ཟླ་12ཚེས་29ཉིན་ཁྱབ་བསྒྲགས་བྱས་ཤིང་། བརྟག་དཔྱད་གྲངས་གཞི་ལས་མངོན་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་སོགས་སྲིད་སྐྱོང་འདུ་ཤེས་དང་ཉམས་མྱོང་ལ་རྒྱལ་སྤྱིའི་གདེང་འཇོག་བཟང་པོ་ཐོབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དགའ་མོས་བྱེད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ནས་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

    ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་བརྟག་དཔྱད་དེ་ནི་གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་ཞིབ་འཇུག་ཁང་གིས་ཞིབ་ཕྲའི་ལག་ལེན་བསྟར་བ་ཞིག་རེད། བརྟག་དཔྱད་བྱེད་ས་ནི་རྒྱལ་ཁབ་46གི་དམངས་ཚོགས་ཁྲི་5.17ཙམ་ཡིན་པ་དང་། དེའི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་15དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་31ཚུད་ཡོད་པ་དང་། གླིང་ཆེན་ཁག་གི་འཐུས་ཚབ་རང་བཞིན་གྱི་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རྒྱལ་ཁབ་དང་། འབོ་གསེར་རྒྱལ་ཁབ་9 ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་10བཅས་ལ་ཁྱབ་ཡོད་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་པ།

    ད་ཐེངས་ཀྱི་བརྟག་དཔྱད་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གལ་ཆེན་ཁག་གཅིག་བདམས་ནས་ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་ཀྱི་བསམ་འཆར་དྲིས་པ་རེད། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ”དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ”གཉིས་ཀར་རྒྱལ་སྤྱིའི་བཅུ་ཆ་བརྒྱད་ཙམ་གྱི་དམངས་འདོད་ཁས་ལེན་ཐོབ་པ་དང་། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ”དང་། “ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང” “མི་དམངས་ལྟེ་བར་འཛིན་པ”བཅས་ཚང་མར་བཅུ་ཆ་བདུན་ལྷག་ཙམ་གྱི་ཁས་ལེན་ཐོབ་པ་རེད། གོང་གསལ་གྱི་ཕྱོགས་ལྔའི་ཐད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམངས་འདོད་ཁས་ལེན་གྱི་བསྡུར་ཚད་ཚང་མ་བཅུ་ཆ་བརྒྱད་ལས་བརྒལ་བ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དམངས་འདོད་ཁས་ལེན་གྱི་བསྡུར་ཚད་ཚང་མ་བཅུ་ཆ་དྲུག་ལས་བརྒལ་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཏོན་པའི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ”དང་། “གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ” “གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ” དེ་བཞིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཅས་ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་ཀྱིས་རྒྱུས་མངའ་ཡོད་པའི་བསྡུར་ཚད་བཅུ་ཆ་བདུན་ལས་བརྒལ་ཡོད་པ་རེད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་སོགས་སྲིད་སྐྱོང་འདུ་ཤེས་དང་ཉམས་མྱོང་ལ་རྒྱལ་སྤྱིའི་གདེང་འཇོག་བཟང་པོ་ཐོབ་པ།

    ད་ཐེངས་ཀྱི་བརྟག་དཔྱད་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་སོགས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འདུ་ཤེས་དང་ལག་ལེན་ངོ་སྤྲོད་བྱས་ཡོད། བརྟག་དཔྱད་གྲངས་གཞི་ལས་མངོན་པར། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་བཅུ་ཆ་བདུན་ཙམ་གྱིས་དེར་ཁས་ལེན་པའི་རྣམ་འགྱུར་བཟུང་སྟེ“སྲིད་སྐྱོང་ཏང་གི་ཏང་ཡོན་ལ་སྤྱི་དམངས་དཀྱུས་མ་ལས་བླང་བྱ་མཐོ་བའམ་ཡང་ན་བླང་བྱ་ནན་པ་འདོན་དགོས་པའི”ཁས་ལེན་བྱེད་ཀྱི་ཡོད་པ་རེད། ཁས་ལེན་གྱི་བསྡུར་ཚད་དེ་འབོ་གསེར་རྒྱལ་ཁབ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅས་སུ་བཅུ་ཆ་བདུན་ལས་བརྒལ་བ་དང་ཡོ་རོབ་ཀྱི་རྒྱལ་ཁབ་དང་དབུས་ཤར་རྒྱལ་ཁབ་ཏུ་བཅུ་ཆ་དྲུག་ལས་བརྒལ་ཡོད་པ་རེད།

    2025ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”(2026ལོ་ནས་2030ལོ་བར)འཐབ་འགོད་ཇུས་འདོན་གྱི་ལོ་ཡང་རེད། ད་ཐེངས་ཀྱི་བརྟག་དཔྱད་ནང་ཀྲུང་གོས་ལོ་ལྔ་ཚན་གྱི་འཆར་གཞི་འགོད་པ་དང་ལག་ལེན་བསྟར་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་3/4ལྷག་ཙམ་གྱིས་དེའི་ཐད་ལུགས་དང་མཐུན་ལ་དགེ་མཚན་ལྡན་པའི་ངོས་འཛིན་དང་གདེང་འཇོག་བྱས་ཏེ“དེ་ནི་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་རེད”ཅེས་ཁས་ལེན་བྱས་པ་མ་ཟད། ལོ་ལྔ་ཚན་གྱི་འཆར་འགོད་ནི“རྒྱལ་ཁབ་དེ་གའི་སྲིད་གཞུང་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི”ཁས་ལེན་ཡང་བྱས་པ་རེད། བསྡུར་ཚད་དེ་འབོ་གསེར་རྒྱལ་ཁབ་དང་། དབུས་ཤར་རྒྱལ་ཁབ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅས་སུ་བཅུ་ཆ་བརྒྱད་ལས་བརྒལ་ཡོད་པ་རེད།

    ཀྲུང་གོའི་དཔལ་འབྱོར་འཕར་བར་ལྟ་སྟངས་ཡག་པོ་བཟུང་ནས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་ཁས་ལེན་བྱས་པ།

    བརྟག་དཔྱད་གྲངས་གཞི་ལས་མངོན་པར། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་བཅུ་ཆ་བརྒྱད་ལྷག་ཙམ་གྱིས་2025ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བར་གདེང་འཇོག་བཟང་པོ་བྱས་ཤིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་བསྡུར་ཚད་དེ་86%དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་75%ཟིན་གྱི་ཡོད་པ་རེད། བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་དགུ་ཙམ་གྱིས་འབྱུང་འགྱུར་ལོ་10ཡི་རིང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕར་བར་ཡིད་ཆེས་ཡོད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱིས་ཡིད་ཆེས་བྱེད་ཚད་མཐོ་པོ་ཡོད་པའི་བསྡུར་ཚད་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒྱ་ཆའི་གྲངས་20ཙམ་གྱིས་མཐོ་བ་ཡོད་པ་རེད།

    རྒྱལ་སྤྱིའི་དམངས་ཀྱི་འདོད་ཚུལ་ལས་ཀྲུང་གོར་བག་ཆགས་བཟང་བ་དང་ཉེ་བར་བཅར་འདོད་ཡོད་ལ་ཀྲུང་གོའི་རིག་གནས་དང་ལག་རྩལ་ལའང་དགའ་པོ་ཡོད་པ།

    བརྟག་དཔྱད་གྲངས་གཞི་ལས་མངོན་པར། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་བཅུ་ཆ་བདུན(69%)ཙམ་གྱིས་ཀྲུང་གོར་དགའ་མོས་བྱེད་པ་དེ་2024ལོ་ལས་བརྒྱ་ཆའི་གྲངས་6འཕར་ཡོད་པ་རེད། དབུས་ཤར་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོར་དགའ་མོས་བྱེད་ཚད་བཅུ་ཆ་བདུན་ལས་བརྒལ་བ་དང་། འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོར་དགའ་མོས་བྱེད་ཚད་བཅུ་ཆ་བརྒྱད་ཙམ་ཟིན་པའམ་ཡང་ན་དེ་ལས་བརྒལ་ཡོད་པ་རེད། རྒྱལ་སྤྱིའི་དམངས་འདོད་ཀྱིས་ཀྲུང་གོ(64%)དང་ཀྲུང་གོ་བ(66%)ལ་སྤྱི་ཡོངས་ཀྱི་བག་ཆགས“བཟང་བའི”བསྡུར་ཚད་དེ་2024ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་5དང་10སོ་སོར་འཕར་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་བག་ཆགས་བཟང་བའི་བསྡུར་ཚད་ཀྱང་དུས་མཚུངས་ལས་ཚད་གཞི་མི་འདྲ་བའི་ངང་འཕར་ཡོད། ཀྲུང་གོའི་ཚན་རིག་ལག་རྩལ་ལ་བག་ཆགས་བཟང་བའི་བསྡུར་ཚད་བཅུ་ཆ་བརྒྱད་ཟིན་པ་དང་ཀྲུང་གོ་བའི་འབད་འཐབ་སྙིང་སྟོབས་དང་གསར་གཏོད་སྙིང་སྟོབས་ལ་བག་ཆགས་བཟང་བའི་བསྡུར་ཚད་3/4ལས་བརྒལ་ཡོད། བསྡོམས་རྩིས་དབྱེ་ཞིབ་ཀྱི་གནད་ཚིག་ལས་ཤེས་རྟོགས་བྱུང་བར། 2025ལོར་ཕྱི་རྒྱལ་གྱི་དམངས་ཚོགས་ཀྱིས་ཀྲུང་གོར་བག་ཆགས་ཟབ་ཤོས་ནི་དཔལ་འབྱོར་དང་། ལག་རྩལ། རིག་གནས། ཚན་རྩལ། འཕེལ་རྒྱས། སྟོབས་ཆེན། བཟང་བ། སྔོན་ཐོན། གསར་གཏོད་སོགས་ཚུད་ཡོད་པ་རེད།

    ཀྲུང་གོས་རྒྱལ་སྤྱིའི་བྱ་བའི་ནང་ཞུགས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རེ་སྒུག་བྱེད་པ།

    2025ལོའི་ཟླ་5པར། རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་སྤྱི་ཆིངས་ལ་མིང་རྟགས་འགོད་པའི་མཛད་སྒོ་ཀྲུང་གོའི་ཤང་ཀང་དུ་འཚོགས་པ་རེད། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་ཕྱེད་ཀ་ལྷག་ཙམ་གྱིས་རྒྱལ་སྤྱིའི་འདུམ་འགྲིག་ཁང་གིས་ཞི་བའི་ངང་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་བཅུ་ཆ་དྲུག་ལྷག་ཙམ་གྱིས་ཀྲུང་གོས་ཡུག་རེན་གྱི་ཉམས་ཉེན་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག དབྱི་སི་རལ་དང་དབྱི་རན་དབར་གྱི་གདོང་ཐུག་སོགས་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ནང་ཞུགས་ནས་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་བཅུ་ཆ་བདུན་ལྷག་ཙམ་གྱིས་འབྱུང་འགྱུར་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་དེ་བས་མང་བའི་ནང་ཞུགས་པའམ་ཡང་ན་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་དང་བསྡུར་ཚད་དེ་སྔོན་མའི་ལོ་དང་བསྡུར་ན་འཕར་ཡོད་པ་རེད། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་འདུམ་འགྲིག་དང་མཐུན་སྦྱོར་བྱེད་པ། དེ་བཞིན་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སློབ་གསོ་ཚན་རིག་རིག་གནས་མཉམ་ལས་སོགས་ཀྱི་ཐད་ཀྲུང་གོས་བྱ་སྤྱོད་དེ་བས་མང་བ་སྤེལ་རྒྱུའི་རེ་སྒུག་བྱེད་པའི་རྒྱལ་སྤྱིའི་དམངས་འདོད་བསྡུར་ཚད་བཅུ་ཆ་བརྒྱད་ཡས་མས་ཟིན་གྱི་ཡོད་པ་རེད།

    རང་རང་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འབྱུང་འགྱུར་སྔར་བས་མཛའ་མཐུན་ཡོང་བའི་རེ་བ་བྱེད་པ།

    2025ལོའི་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུ་འཚོགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དམིགས་ཏེ། མཐའ་འཁོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་3/4ལྷག་ཙམ་གྱིས་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་སྲིད་ཇུས་ལ་དགེ་མཚན་ལྡན་ལ་ལུགས་དང་མཐུན་པའི་གདེང་འཇོག་བྱས་ཏེ། “ཀྲུང་གོའི་བདེ་འཇགས་བརྟན་ལྷིང་གིས་མཐའ་འཁོར་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད”ཅེས་དང་། “ཀྲུང་གོའི་འཕེལ་རྒྱས་ཀྱིས་མཐའ་འཁོར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད” “ས་ཐག་ཉེ་བ་དང་། འགྲོ་འོང་ཟབ་པ། མཉམ་ལས་གོ་སྐབས་དེ་བས་མང་བ་ཡོད་པ”སོགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    བརྟག་དཔྱད་གྲངས་གཞི་ལས་མངོན་པར། ཕྱི་རྒྱལ་གྱི་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་2/3ལྷག་ཙམ་གྱིས་འབྱུང་འགྱུར་རང་རེའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་བས་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད་པའི་བསྡུར་ཚད་དེ་2024ལོ་ལས་བརྒྱ་ཆའི་གྲངས་5ཙམ་འཕར་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་། དབུས་ཤར་རྒྱལ་ཁབ། འབོ་གསེར་རྒྱལ་ཁབ་བཅས་སུ་བསྡུར་ཚད་དེ་བཅུ་ཆ་བརྒྱད་ཡས་མས་ཟིན་གྱི་ཡོད་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཡོ་རོབ་རྒྱལ་ཁབ་ཏུ་བསྡུར་ཚད་དེ་བཅུ་ཆ་དྲུག་ལྷག་ཙམ་ཟིན་གྱི་ཡོད། 2024ལོ་དང་བསྡུར་ན། དབུས་ཤར་རྒྱལ་ཁབ་དང་འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་འབྲེལ་བ་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད་པའི་དམངས་འདོད་བསྡུར་ཚད་བརྒྱ་ཆའི་གྲངས་10འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།