ཀྲུང་གོའི་སྐྱིད་གྲོང་དང་ནེ་པ་ལའི་རི་ཟུར་འགག་སྒོ་ཤར་གཏོང་སླར་གསོ་ཐུབ་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་1ཉིན་གྱི་ཆུ་ཚོད་9ཙམ་ལ། ནེ་པ་ལའི་ཟོག་འཁོར་ཞིག་རི་ཟུར་འགག་སྒོའི་རྒྱུད་ཀྱི་གནས་སྐབས་ཟམ་པ་བརྒྱུད་ནེ་པ་ལའི་རི་ཟུར་འགག་སྒོ་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོར་དལ་བུར་འཛུལ། ཉེ་འགྲམ་དུ་ཡོད་པའི་ཡུལ་སྐོར་ཞིབ་བཤེར་ཚོམས་ཆེན་དུ་རྒྱལ་ཁབ་གཉིས་ཀྱི་འགྲུལ་པ་ཚོ་ཡང་གོ་རིམ་ལྡན་པའི་ངང་འགག་སྒྲོལ་བྱེད་བཞིན་འདུག དེ་ཐོག་ནས་ཀྲུང་གོའི་སྐྱིད་གྲོང་དང་ནེ་པ་ལའི་རི་ཟུར་འགག་སྒོ་ཤར་གཏོང་སླར་གསོ་ཐུབ་པ་མཚོན་གྱི་ཡོད།
སྐྱིད་གྲོང་འགག་སྒོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་གནས་པ་དང་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་སྐམ་ལམ་འགག་སྒོ་ཞིག་ཡིན། 2024ལོར་སྐྱིད་གྲོང་འགག་སྒོས་ལྟ་འདོམས་བྱས་པའི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་42.48ཟིན་ནས་བོད་ཀྱི་འགག་སྒོ་ཁག་གི་ཨང་དང་པོར་སླེབས་པ་དང་། དངུལ་འབོར་དེས་ཀྲུང་གོ་དང་ནེ་པ་ལའི་ཉོ་ཚོང་དངུལ་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད།
2025ལོའི་ཟླ་7ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་5ཙམ་ལ། བོད་ལྗོངས་སྐྱིད་གྲོང་རྫོང་ཁོངས་ཀྱི་སྐྱིད་རོང་གཙང་ཆུ་གློ་བུར་དུ་རྒྱས་ནས་སྐྱིད་གྲོང་འགག་སྒོའི་རི་ཟུར(མཛའ་གྲོགས་ཟམ་པ)ཟམ་པ་ཆུས་འཁྱེར་བ་དང་། སྐྱིད་གྲོང་འགག་སྒོའི་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་དང་དངོས་ཟོག་ཉོ་ཚོང་བྱེད་མཚམས་ཀྱང་ཆད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གནོད་འཚེ་ཐོན་རྗེས། ཀྲུང་གོའི་རིམ་ཁག་སྲིད་གཞུང་གིས་གོ་རིམ་ལྡན་པའི་ངང་འགག་སྒོ་ཤར་གཏོང་སླར་གསོའི་ལས་དོན་ཁག་སྤེལ་ཡོད་པ་དང་། ནེ་པ་ལའི་རིམ་ཁག་སྲིད་གཞུང་གིས་གཞོགས་འདེགས་ཡག་པོ་བྱས་ནས་ལས་གྲྭ་ཁག་བདེ་བླག་ངང་ལག་བསྟར་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད།
ནེ་པ་ལའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ལུའོ་ཤིས་ཏེས“ཀྲུང་གོས་གནས་སྐབས་ཀྱི་སྟབས་བདེའི་ཟམ་པ་བསྐྲུན་འདུག་པས། ངས་མུ་མཐུད་འགག་སྒོ་ནས་སྐྱེལ་འདྲེན་བྱས་ཏེ་ཡོང་འབབ་གསོག་གི་ཡོད། ཀྲུང་གོར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད་པ་རེད།
སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་ཆོས་འཕེལ་གྱིས“ང་ཚོས་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་བཏང་ནས་མཐའ་འཁོར་གྱི་འགག་སྒོ་དང་། གཞིས་རྩེའི་སྐམ་སའི་ཟོག་འགྲུལ་ས་ཚིགས། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་བཅས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཆེའི་ཟོག་འགྲུལ་དྲ་རྒྱ་བཙུགས་ཏེ་ཁེ་ལས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐུན་མོང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།