དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལོ་འགོ་ལོ་མཇུག་གི་མཁོ་སྤྲོད་འགན་ལེན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2025ལོའི་ཟླ་12ཚེས་30ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་འགོ་དང་ལོ་མཇུག་ནི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་འགྲོ་བའི་འགག་རྩའི་དུས་སྐབས་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་སྔོན་ཚུད་ནས་འཆར་འགོད་དང་གནད་སྨིན་ཐབས་ཇུས་ལག་བསྟར་བྱེད་པ་དང་། ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ། དྲོད་ཚད་དམའ་བ་དང་། གངས་ཆར། དར་ཆགས་པ་སོགས་ཀྱི་གནམ་གཤིས་ངན་པའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་ལེགས་པོ་སྒྲུབ་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་གཙོ་བོའི་ཚོང་ཟོག་མཁོ་སྤྲོད་འདང་ངེས་དང་འཁོར་རྒྱུག་བརྟན་པོ་ཡོང་བར་འགན་ལེན་བྱས་ནས། མི་དམངས་མང་ཚོགས་ལོ་གསར་གཏོང་བ་དང་དགུན་སྒྲོལ་ཐུབ་པར་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།

    མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བའི་ཐད། ཞིང་ཆེན་ཡོངས་ཀྱི་གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་174དང་འཕྲལ་སྡོམ་མཁོ་སྤྲོད་ལས་དོན་ས་ཚིགས་1080ལ་བརྟེན་ནས། དུས་ཆེན་གོང་ནས་དངོས་ཟོག་བཀོད་སྒྲིག་དང་མཁོ་སྤྲོད་འགན་ལེན་གྱི་ལས་དོན་སྤེལ་ཡོད། ཞིང་ཞོར་ཐོན་རྫས་ཀྱི་འདུ་འགྲེམས་ལྟེ་གནས་ཆེ་གྲས་དང་། འབྲུ་སྣུམ་ཁྲོམ་ར། བཤས་གཏོང་ཁེ་ལས། སིལ་ཚོང་སྒོ་རྩིས་ཚོང་ཁང་སོགས་མཁོ་སྤྲོད་འགན་ལེན་ཁེ་ལས་ཆེ་གྲས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཐོན་སྐྱེད་རྟེན་གཞི་དང་མཁོ་སྤྲོད་ཚོང་པ་དང་གནད་སྨིན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས། བརྟན་ལ་ཕུགས་ཕན་གྱི་ཉོ་འཚོང་མཉམ་ལས་འབྲེལ་བ་བཙུགས་ཡོད། མུ་འབྲེལ་སྒོ་རྩིས་ཚོང་ཁང་དང་། སྡེ་ཁུལ་གྱི་དམངས་ཕན་ཚལ་ཚོང་ཁང་། སོས་ཟས་དྲ་ཚོང་ལས་སྟེགས་སོགས་སིལ་ཚོང་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོར་དམ་པོར་དམིགས་ནས། ཚོང་ཟོག་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་ཚོང་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ཡོད་པ་རེད།

    དུས་ཆེན་རིང་། ལས་རེས་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་རིམ་པའི་གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱིས་ཉིན་རེའི་ལྟ་ཞིབ་ཚད་ལེན་ལམ་སྲོལ་ལག་བསྟར་བྱེད་པ་དང་ཞིང་ཞོར་ཐོན་རྫས་ཁྲོམ་ར་3དང་བཤས་གཏོང་ཁེ་ལས་6གིས་ཉིན་ལྟར་སྔོ་ཚལ་དང་། འབྲུ་སྣུམ། ཤ་རིགས་བཅས་མཁོ་སྤྲོད་ཀྱི་གྲངས་གཞི་སྙན་སེང་ཞུ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཁྲོམ་རའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།

    གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཛད་སྤྱོད་བྱེད་མཁན་མང་བའི་སྔ་རྗེས་སུ། གསོག་འཇོག་འགན་འཁུར་ཁེ་ལས་ཀྱིས་ཁྲོམ་རའི་ཆ་སྙོམས་རིན་གོང་དང་མཉམ་པའི་སྒོ་ནས་ཞིང་ཆེན་རིམ་པའི་གྲབས་གསོག་ཤ་རིགས་ཏུན་800ཁག་ཐེངས་གཉིས་སུ་བགོས་ནས་གཏོང་སྤྲོད་བྱས་པ་དང་། དེའི་ནང་ཚགས་ཤ་འཁྱགས་མ་ཏུན་400དང་། ལུག་ཤ་འཁྱགས་མ་ཏུན་200 ཕག་ཤ་འཁྱགས་མ་ཏུན་200བཅས་ཡོད། ཟི་ལིང་སོགས་ཆ་རྐྱེན་ཡོད་པའི་གཙོ་གནད་ས་ཁུལ་གྱིས་དུས་ཐོག་ཏུ་རིན་གོང་དམའ་བའི་སྔོ་ཚལ་མཁོ་སྤྲོད་བྱས་ནས་ཁྲོམ་རའི་རིན་གོང་བརྟན་དུ་གཏོང་བར་མཛུབ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་འཁོར་རྒྱུག་ཁེ་ལས་ཆེ་གྲས་དང་སྡེབ་ཚོང་ཁྲོམ་རས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཤ་རིགས་དང་སྔོ་ཚལ་གྱི་ཚོང་ལས་མཛོད་ཉར་ལུགས་མཐུན་ངང་མང་དུ་བཏང་སྟེ། དུས་ཆེན་གཉིས་ཀྱི་རིང་ཞིང་ཆེན་ཡོངས་ཀྱི་ཤ་རིགས་དང་སྔོ་ཚལ་གྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།