བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་ཡུལ་མི་ངག་དབང་ཆོས་འཛོམས་ཀྱིས།
ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ནང“ཇ་མར་ཚྭ་བུལ་དང་དུས་བཞིའི་ཐུན་གསུམ་ལྟོ་ཆས་ཀྱི་འཚོ་བ་ལས་ཁྱིམ་ཚང་ཆུང་ཆུང་རེ་རེའི་ཚ་སོབ་སོབ་ཀྱི་རྣམ་པ་མངོན་པ་དང་། ཀྲུང་གོའི་ཁྱིམ་ཚང་ཆེན་པོ་འདི་ཉིན་བཞིན་གྲ་རྒྱས་ཕུན་སུམ་ཚོགས་སུ་འགྲོ་བ་མངོན་ཡོད”ཅེས་གསུངས་ཡོད།
ཇོ་མོ་གླང་མའི་འདབས་དང་བོང་ཆུའི་ངོགས་སུ། བོད་བཟོའི་ཁང་པ་ཆུང་ཆུང་མང་པོ་བསྐྲུན་ཡོད། འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་ཡུལ་མིའི་སྡོད་ཁང་གསར་པ་རེད། ཁང་པའི་ནང་དྲོ་སོབ་སོབ་ཡིན་པ་དང་། ཡུལ་མི་ངག་དབང་ཆོས་འཛོམས་དང་ཁོང་གི་ནང་མི་བརྙན་འཕྲིན་མདུན་དུ་བསྡད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ལྟ་བཞིན་ཡོད། ངག་དབང་ཆོས་འཛོམས་ཀྱིས“ང་ཚོའི‘ཁྱིམ་ཚང་ཆུང་ཆུང’དེའི་ངོས་ནས་བརྗོད་ན། 2025ལོ་ནི་ས་ཡོམ་བརྒྱབ་རྗེས་ཀྱི་སྡུག་བསྔལ་དང་། བསྐྱར་སྐྲུན་བྱེད་སྐབས་ཀྱི་སེམས་ཤུགས། སྡོད་ཁང་གསར་པར་སྤོས་པའི་དགའ་སྤྲོ་བཅས་མཉམ་དུ་འདུས་པའི་ཧ་ཅང་དམིགས་བསལ་གྱི་ལོ་ཞིག་ཡིན”ཞེས་བརྗོད།
2025ལོའི་ཟླ་བ་དང་པོར། གློ་བུར་དུ་བརྒྱབ་པའི་ས་ཡོམ་དེས་ངག་དབང་ཆོས་འཛོམས་ཀྱི་ཁྱིམ་གཞིས་ས་རོ་རྡོ་རོར་གྱུར། ས་ཡོམ་བརྒྱབ་པའི་ཉིན་དེ་རང་ལ་རོགས་སྐྱོབ་སྟོབས་ཤུགས་སླེབས་པ་དང་། ཉིན་བཞིའི་རྗེས་སུ་ཡུལ་མི་ཚོ་སྟབས་བདེའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ། ཟླ་བ་དགུ་པར་སྡོད་ཁང་གསར་པའི་ལྡེ་མིག་རག་ཡོད།
བསྐྱར་སྐྲུན་བྱེད་རིང་། ངག་དབང་ཆོས་འཛོམས་མཁོ་མེད་རྙིང་ཧྲུལ་གྱི་རྒྱུ་ཆ་གཙང་སེལ་བྱེད་པ་སོགས་ཀྱི་ལས་ལ་ཞུགས་ཤིང་། ཁོང་གི་བཟའ་ཟླ་སྤེན་པ་ནི་ཟོག་འཁོར་གྱི་ཁ་ལོ་བ་ཡིན་པས་བསྐྱར་སྐྲུན་ལ་མཁོ་བའི་རྒྱུ་ཆ་སྣ་ཚོགས་དབོར་འདྲེན་གྱི་ལས་ལ་ཞུགས་ཡོད། ངག་དབང་ཆོས་འཛོམས་དང་འདྲ་བར། ཡུལ་མི་མི་ཉུང་བ་ཞིག་གིས་ཁྱིམ་གཞིས་གསར་སྐྲུན་གྱི་ལས་ལ་རང་འགུལ་ངང་ཞུགས་ཡོད།
ངག་དབང་ཆོས་འཛོམས་སྨི་ངོས་གྲུ་160ལྷག་ཙམ་གྱི་སྡོད་ཁང་གསར་པར་སྤོས་རྗེས། ཁྱིམ་ཆས་གསར་པ་ཉོས་ཏེ། ཁྱིམ་ཚང་གསར་པ་དེ་དྲོ་སོབ་སོབ་དང་སྐྱིད་སྣང་དོད་པ་ཞིག་ཏུ་བཀོད་སྒྲིག་བྱས་ཡོད། ཁོང་གིས“ངས་སྤོབས་སེམས་ཆེན་པོས་ཕྲུ་གུ་ཚོར་ཨ་མས་ཁྱིམ་གཞིས་གསར་སྐྲུན་ལས་ལ་ཞུགས་པ་ཡིན་ཞེས་ལབ་ན་ཆོག”ཅེས་བརྗོད།
སྡོད་ཁང་གསར་པའི་ནང་སྤོས་པའི་ངག་དབང་ཆོས་འཛོམས་ཀྱིས་འབྱུང་འགྱུར་སྐོར་གླེང་སྐབས་རེ་བས་ཁེངས་ཤིང་། ཁོང་གིས“ལོ་གསར་པར། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་གཏོད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།