དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་800ལས་ཐོག་མར་བརྒལ་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ལ་ལོ་ངོ་60ཡི་རིངམཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-02

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གྲང་ངར་ཆེ་བའི་དགུན་དུས་སུ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་ཐོག་གནམ་གྲུའི་གཤོག་པ་ལས་འོད་ཆེམ་ཆེམ་བྱེད་པ་དང་གནམ་གྲུ་སྒུག་ཁང་དུ་མི་ཚོགས་ཀྱིས་ཁེངས། 2025ལོའི་ཚེས་29ཉིན་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་800ལས་ཐོག་མར་བརྒལ་བ་དང་ལོར་གནམ་གྲུ་འབབ་འཕུར་འགན་ལེན་བྱེད་ཐེངས་ཁྲི་7ལས་ཐོག་མར་བརྒལ་ཡོད་པ་རེད།

    1965ལོར་པེ་ཅིང་ནས་ཁྲེང་ཏུའུ་བརྒྱུད་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་ལས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་ཐོག་མ་བཏོད་ཡོད། ལོ་དེའི་འགྲུལ་པ་དང་པོ་གནམ་གྲུར་འཛེགས་པ་ནས་ད་ལོ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་800ལས་ཐོག་མར་བརྒལ་བའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་ངོ་60ཡི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་ཡོད་པ་རེད།

    ལོ་ངོ་60ཡི་དཀའ་སྡུག་ཆེ་བའི་བརྒྱུད་རིམ་ཁྲོད་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་མཆོང་སྐྱོད་བྱུང་ཡོད། ད་ཆ་བོད་ལྗོངས་ནང་ཁུལ་དུ་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་8བསྐྲུན་པར་རིམ་རྩིས་བརྒྱབ་ན་མཁའ་ལམ་193ཤར་གཏོང་བྱས་པ་དང་གྲོང་ཁྱེར་81ལ་ཤར་གཏོང་ཐུབ་སྟེ་གངས་ལྗོངས་ས་མཐོའི“མཁའ་ལམ”ཇེ་མང་དུ་འགྲོ་བཞིན་ཡོད།

    “ང་རང་ལས་ཀར་ཞུགས་མ་ཐག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནི་ལྗོངས་ནང་ཁུལ་ནས་ཞིང་ཆེན་གཞན་དུ་སྐྱོད་པའི་གནམ་ཐང་འབའ་ཞིག་དེ་ཡིན། ཉིན་ལྟར་ལྷ་ས་ནས་ཁྲེང་ཏུའུ་བར་འགྲོ་འོང་བྱེད་པའི་གནམ་གྲུ་འཕུར་ཐེངས་གཉིས་ལས་མེད”ཅེས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཞེ་ཝུན་མིང་གིས་བཤད་དང་། ཁོང་གིས། 1993ལོར་ང་རང་གནམ་ཐང་དུ་ལས་ཀར་ཞུགས་སྐབས་འཕུར་སྐྱོད་ཚང་མ་ཁྲའེ་ཡིའུ་འཕྲུལ་འཁོར་གྱིས་གློག་གཏོང་འགན་ལེན་བྱེད་དགོས་པ་དང་སྔ་དྲོའི་གནམ་གྲུ་འཕུར་ཟིན་མ་ཐག་གློག་ཀྱང་གཏོང་མཚམས་འཇོག་གི་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་བཤད།

    ད་ཆ་དེང་རབས་ཅན་གྱི་གནམ་ཐང་འབབ་ཚུགས་སུ་གློག་སྒྲོན་གསལ་བ་དང་དུས་གཏན་གནམ་གྲུ་མང་པོ་འབབ་འཕུར་བྱེད་ཅིང་། “འགྱུར་ལྡོག་དེ་རིགས་དྲན་རིམ་བཞིན་ང་རང་ཧང་སངས་ཀྱི་འདུག”ཅེས་ཞེ་ཝུན་མིང་གིས་བཤད།

    སྔོན་ཆད་གནམ་གྲུ་འཕུར་ཐེངས་ཧ་ཅང་ཉུང་ཉུང་ཡིན་པ་ནས་ད་ལྟ་མང་པོ་འཕུར་བའི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་བརྒྱབ་ན་གནམ་གྲུ་འབབ་འཕུར་ཐེངས་ཁྲི་29.6ཙམ་འགན་ལེན་བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི་3188.2ལྷག་ཙམ་སྐྱེལ་འདྲེན་བྱས་པ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་བསྡོམས་འབོར་གྱི་བསྡུར་ཚད་ཀྱི་68%ཡན་བཟུང་ཡོད་པ་རེད། མཁའ་འགྲུལ་ཤར་གཏོང་གི་ཐོག་མའི་དུས་དང་བསྡུར་ན་འགྲུལ་བཞུད་བྱེད་ཚད་ལྡབ་བརྒྱ་གྲངས་འཕར་ཡོད་པ་རེད།

    དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་རེ་རེ་ས་མཐོ་ནས་འབབ་འཕུར་བྱེད་པ་དེ་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱི་ནང་སྦྲེལ་མཐུད་བྱེད་པའི“མཁའ་དབྱིངས་ཀྱི་སྦྲེལ་ཟམ”ཞིག་ཏུ་གྱུར་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་པ་མ་ཟད། ད་དུང་དངོས་ཟོག་འཁོར་རྒྱུག་ཀྱང་བྱེད་བཞིན་ཡོད།

    ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ཟོག་འདྲེན་པུའུ་ཕྱིར་གཏོང་ནང་འདྲེན་ལས་སྒོ་ཁང་གི་ཅིང་ལི་གཞོན་པ་ཚེ་བརྟན་སྒྲོལ་མས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཟོག་འདྲེན་གྱི་འཕེལ་རྒྱས་ལ་དཔང་པོ་བྱས་ཡོད། 1999ལོར་སློབ་ཆེན་ཐོན་རྗེས་ཁོ་མོ་ད་བར་གནམ་ཐང་དུ་ཟོག་འདྲེན་ལས་ཀར་གཞོལ། “ཐོག་མར་གནམ་ཐང་གི་ཟོག་འདྲེན་ས་ཚིགས་ལ་མཛོད་ཁང་གཉིས་ལས་མེད་པ་མ་ཟད། སྔོན་ཆད་དངོས་ཟོག་རྒྱ་མར་བཀྱག་པ་དང་ཐོ་འགོད་ཚང་མ་ལག་པས་བྱེད་དགོས་ཀྱི་ཡོད། ད་ཆ་འབྲེལ་ཡོད་ལག་ཁྱེར་བཤར་འབེབས་བྱས་ཚེ་མ་ལག་གིས་རང་འགུལ་ངང་ཆ་འཕྲིན་ཚང་མ་བསྡུ་ལེན་ཐུབ་ཀྱི་ཡོད”ཅེས་ཚེ་བརྟན་སྒྲོལ་མས་ངོ་སྤྲོད་བྱས།

    ཟོག་འདྲེན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཟོག་འདྲེན་ས་ཚིགས་ཀྱི་ཤོང་ཚད་ཏུན་ཁྲི་8ལྷག་ཙམ་བར་རྒྱ་ཆེར་བཏང་བ་མ་ཟད། གྲལ་སྒྲིག་པའི་ཟོག་སྒྲོམ་དང་དེང་རབས་ཅན་གྱི་འདོན་འཇུག་སྒྲིག་ཆས་ཀྱིས་གོ་རིམ་ལྡན་པའི་ངང་སྐྱེལ་འདྲེན་བྱེད་བཞིན་འདུག

    ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་འགྱུར་ལྡོག་ཕྱིན་པ་དེས་བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་མཆོང་སྐྱོད་བྱུང་བའང་མཚོན་གྱི་ཡོད། ཚེ་བརྟན་སྒྲོལ་མས“སྔོན་ཆད་སྔོ་ཚལ་དང་བརྒྱ་ཟོག་ནི་ནང་འདྲེན་གྱི་དངོས་ཟོག་གཙོ་བོ་ཡིན། འོན་ཀྱང་ད་ཆ་གྲང་སྦྲེལ་སྨན་རྫས་དང་རྩེར་སོན་བཟའ་བཅའི་རྒྱུ་ཆ་གཅིག་རྗེས་གཉིས་མཐུད་ངང་དུས་གཏན་གནམ་གྲུ་བརྒྱུད་ས་མཐོར་དབོར་བས་དངོས་ཟོག་གི་སྣ་ཁ་མང་དུ་དང་སྤུས་ཚད་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག ས་མཐོའི་བེ་ཤ་དང་། ཚགས་ཤ ནས་ཀྱི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ཀྱང་མཁའ་འགྲུལ་བརྒྱུད་བོད་ལྗོངས་ནས་གཏོང་གི་ཡོད་ཅེས་ཚེ་བརྟན་སྒྲོལ་མས་ངོ་སྤྲོད་བྱས།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་5.6ཟིན་ནས་དུས་མཚུངས་ལས་7.7%འཕར་ཡོད་པ་རེད། ཟོག་འགྲུལ་གྱི་ལེ་ལག་ཚང་བའི་མ་ལག་ལ་བརྟེན་ནས་བོད་དུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཐོན་རྫས་སྐྱེལ་འདྲེན་བྱེད་ཚད་དེ་བས་མང་ཞིང་མགྱོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།