ཡུན་ནན་བདེ་ཆེན་གྱི།
“ལྷོ་ཕྱོགས་གངས་འཁྱག”ཡུལ་ནས་གངས་རི་ཐོག་མར་མཐོང་བའི་ཚོར་སྣང་།

འདི་ནི་ཡུན་ནན་བདེ་ཆེན་གྱི་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་གངས་ཤུད་གློད་བཞིན་པ།
བརྩམས་སྒྲུང《མི་ཡུལ་གྱི་དག་པའི་ཞིང་ཁམས》ཀྱི་ནང“གཏོར་གཟུགས་ཀྱི་རི་རབ”དང“གྲང་ངར་ཁྲོད་ཀྱི་རབ་རིབ་སྨིག་རྒྱུ”ཡི་སྐོར་ཞིབ་འབྲི་བྱས་པ་དེ་ནི་སྔོན་མ་ཧིན་རྡུ་ཉི་ཞི་ཡའི་ཇུས་འགོད་པ་མུའུ་མིང་གིས་གངས་རིར་འཛིན་པའི་བསམ་ཚུལ་ཡོད་དོ་ཅོག་ཡིན་པ་རེད། ལོ་འཁོར་མོ་ཚ་བ་ཆེ་བའི་གླིང་ཚོམ་དུ་འཚར་ལོངས་བྱུང་བའི་ཁོང་གི་ངོས་ནས་བརྗོད་ན། “ཁ་བ”ནི་མིང་ཙམ་ལས་གོ་མྱོང་མེད་པའི་བག་ཆགས་ཤིག་རེད། 2025ལོའི་དགུན་ཁར་ཀྲུང་གོར་དངོས་སུ་སླེབས་ཏེ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཚེ་འདིའི་གངས་རི་ཐོག་མ་སྟེ་ཤྭ་ཁ་གངས་རི་མཐོང་ཡོད།
ཉི་གཞོན་གྱི་ཟེར་བརྒྱ་རི་རྒྱུད་ལ་འཕྲོ་སྐབས་གསེར་ཞུན་བྱུག་པ་བཞིན་གསེར་མདངས་འཕྲོ་བ་དང་། སྔོ་ལྗང་གི་ཐང་ཤིང་ལ་ཁ་བའི་གོས་བཟང་བཀླུབས་ཡོད། མུའུ་མིང་གིས་དྭངས་གཙང་གི་མཁའ་རླུང་ཤུགས་ཀྱིས་བརྔུབས་མ་ཐག་ལུས་ལ་དགུན་ཁའི་གྲང་ངད་ཚོར། “དངོས་སུ་མཐོང་བའི་བརྗིད་ཉམས་ནི་ཡི་གེར་མཐོང་བ་ལས་ཀྱང་མངོན་པར་གསལ་ཞིང་ཡིད་དབང་འགུགས་ཐུབ་པ་ཞིག་རེད་ཨང”ཞེས་མཐོང་མྱོང་མེད་པའི་མཛེས་ལྗོངས་སུ་སླེབས་པའི་མུའུ་མིང་གིས་ཡུལ་སྐོར་སྣེ་ཤན་པ་དབྱང་ཤིན་མན་ལ་དེ་ལྟར་བཤད་པ་དང་། ཁོང་གིས་ད་རེས་དུས་ཚོད་དེ་ཙམ་རིང་པོ་མེད་པས་རྗེས་མར་གྲོགས་པོ་དང་མཉམ་དུ་ཡོང་གི་ཡིན་ཞེས་བཤད།
ཀྲུང་གོས་ཐོངས་མཆན་འགོད་མི་དགོས་པ་དང་འགྲོ་ལུགས་སྟབས་བདེ་རུ་བཏང་བ་སོགས་ཀྱི་སྲིད་ཇུས་བྱ་ཐབས་མུ་མཐུད་བཏོན་པ་དང་སྦྲགས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྔར་བས་མང་བ་ཀྲུང་གོར་ཡོང་ཞིང་། མུའུ་མིང་གིས“ཀྲུང་གོར་ཡུལ་སྐོར་ལ་ཡོང་བའི”སྟབས་བདེ་ལུགས་ཞིབ་པར་བརྗོད་པ་སྟེ། “ཧིན་རྡུ་ཉི་ཞི་ཡ་ནས་ཡུན་ནན་ཁུན་མིང་བར་གྱི་དུས་གཏན་གནམ་གྲུ་མང་དུ་ཕྱིན་པ་དང་། ཀྲུང་གོའི་ས་གནས་ཁག་དབར་སྐྱོད་པར་མྱུར་བགྲོད་ལྕགས་ལམ་སྟབས་བདེ་པོ་ཡོད་ལ། ལམ་བར་གྱི་དུས་ཚོད་གྲོན་ཆུང་ཐུབ་ནས་མཛེས་ལྗོངས་དེ་བས་མང་བར་ལྟ་བར་འགྲོ་ཐུབ་ཀྱི་འདུག”ཅེས་བཤད།
2024ལོའི་ཟླ་བཅུ་གཉིས་པར། བདེ་ཆེན་ཀྲོའུ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཁུན་མིང་དུ་ཨེ་ཤེ་ཡ་ལྷོ་མ་དང་ཤར་ལྷོར་ཕྱོགས་པའི“འཛམ་གླིང་གི་ཤམ་བྷ་ལ”ཞེས་པའི་ཆེད་དོན་འོས་སྦྱོར་འདུ་ཚོགས་འཚོགས་ཏེ་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་སྒྲིག་གཞི་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་ལས་དོན་ཁང་གི་ལས་དོན་པ་གདན་དྲངས་པ་མ་ཟད། ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་གཏུག་ལས་སྟེགས་ལ་བརྟེན་ནས་བདེ་ཆེན་གྱི་གངས་འཁྱགས་ཀྱི་ངོ་མཚར་དང་དམངས་སྲོལ་རིག་གནས་འགྲེམས་སྟོན་ཡང་བྱས་པ་རེད།
ད་ཆ་ངོ་སྤྲོད་འོས་སྦྱོར་བྱས་པའི་དགེ་མཚན་གྱིས་དེར་ཡོང་མཁན་གྱི་འགྲུལ་པའི་རྒྱུན་མི་ཆད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་སེམས་ཀྱི་ཉི་ཟླའི་གངས་ཤུད་ར་བ་ཆེ་ཁག་ཏུ་བསླེབས། ཆི་ཤིང་གངས་ཤུད་ར་བར་ཝེ་ཐེ་ནམ་གྱི་རང་སྨྱན་སྦྱོར་གྱི་དཔོད་བདག་ལི་རི་ཀོང་གངས་ཤུད་གློད་ཐེངས་དང་པོ་རེད། གངས་ཤུད་གློད་རྗེས། ཁོང་གིས“ཐོག་མར་ཤུད་པང་སྟེང་རྐང་པ་འཇོག་སྐབས་འདར་གསིག་གསིག་བྱེད་མོད། རྗེས་སུ་ཡག་པོ་གློད་ཐུབ་སྐབས་རྣ་རྒྱབ་ནས་འུར་འུར་གྱི་སྒྲ་གྲགས་ནས་ཚོར་སྣང་སྐྱིད་ཅིང་ངར་ཤུགས་འཕེལ་འོང་གི་འདུག”ཅེས་དགའ་ཚོར་ངང་བཤད། ཐག་མི་རིང་བའི་སར་ཡོད་པའི་སྦག་སྦག་དང་སྐོར་པང་རོལ་རྩེད་སོགས་རྣམ་གྲངས་ཁུལ་ནས་དགོད་སྒྲའི་རྒྱུན་མི་ཆད་པར་ཐོས་རྒྱུ་ཡོད།
བདེ་ཆེན་གྱི་གངས་འཁྱགས་ཡུལ་སྐོར་འཁྲུག་ཆ་དོད་ཤོས་ཡིན། དེ་ནི“ལྷོ་ཕྱོགས་གངས་འཁྱགས་ཡུལ”གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལས་བྱུང་བ་ཞིག་སྟེ། ཁ་བ་དཀར་པོའི་རི་རྩེར་ཉི་ཟེར་འཕྲོས་ནས་གསེར་མདངས་རྒྱས་པའི་ངོ་མཚར་ཡུལ་ལྗོངས་ལ་སྐད་གྲགས་ཆེན་པོ་ལྡན་པ་དང་། ཤྭ་ཁ་གངས་རིའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་གཞིགས་ནས་སྒྱུར་བཀོད་བྱས་ཏེ། གངས་རྩེད་སྤྲོ་སྐྱིད་གླིང་དང་སྐར་ཚོགས་ལྟ་ཁང་གི་མཛེས་ལྗོངས་ཁུལ་རྙིང་པར་གསོན་ཤུགས་གསར་པ་རྒྱས་པ་སོགས་འགྱུར་ལྡོག་བྱུང་ལ། བདེ་ཆེན་གྱིས་ད་དུང“གངས་འཁྱགས་དང་དམངས་སྲོལ་ཟུང་འབྲེལ”དང་། “གངས་འཁྱགས་དང་པར་ལེན་ཟུང་འབྲེལ”“གངས་འཁྱགས་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་འབྲེལ”སོགས་མཉམ་འདྲེས་བྱེད་སྟངས་བརྒྱུད་གངས་འཁྱགས་ཡུལ་སྐོར་དེ་ལྗོངས་གཟིགས་འབའ་ཞིག་ནས་མྱོང་རོལ་ཟབ་མོའི་བར་རིམ་སྤོར་ཐུབ་ཡོད།
སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་མཛེས་ལྗོངས་ཁུལ་གྱིས་དབྱིངས་ཞུགས་རྣམ་པའི་གངས་རྩེད་ཀྱི་བར་མཐོངས་ཧུར་ཐག་བཏོད་ཅིང་། བདེ་ཆེན་ཀྲོའུ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ལི་ཅུན་གྱིས“2025ལོར་ང་ཚོས་གངས་རྩེད་རྩེ་ཡུལ་རིམ་སྤོར་བྱས་ཏེ་གངས་དཀྱིལ་གྱི་མི་ཆིག་རྐྱང་གི་ཧྲ་ཡུས་གངས་ཤུད་སོགས་གངས་ཤུད་གློད་ཆས་མང་དུ་བཏང་བ་མ་ཟད། གངས་དཀྱིལ་དུ་ཐན་ཁེ་གཏོང་བ་དང་བྱིས་པའི་གངས་འདྲུ་ཆེད་མངགས་བཙུགས་ཤིང་ཧྲུའུ་ཏུའོ་མཚོའི་ཡུལ་ལྗོངས་ཁུལ་དུ་ད་དུང་གངས་ཤུད་ནགས་ཚལ་དང་འཁྱགས་རལ་གདུང་ཟམ་སོགས་བཟོས་ཡོད། ཉེ་བའི་ལོའི་རིང‘ལྷོ་ཕྱོགས་གངས་འཁྱགས་ཡུལ’གྱིས་ཨེ་ཤེ་ཡ་ཤར་ལྷོའི་ཡུལ་སྐོར་བའི་ཡིད་དབང་རྒྱུན་ཆད་མེད་པར་བཀུག་པས་ལོར་ཡུལ་སྐོར་བ་འཕར་ཚད་30%ཡས་མས་བརྟན་པོར་གནས་ཐུབ་པ་བྱུང་ལ། ད་ལོ་ཟླ་རེར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1ཟིན་ཡོད”ཅེས་ངོ་སྤྲོད་བྱས།
གསར་གཏོད་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དེས་གྲང་ངར་ཆེ་བའི་ནམ་དུས་ནི་བདེ་ཆེན་གྱི་གངས་འཁྱགས་ཡུལ་ལྗོངས་ཉམས་ལེན་བྱེད་པར་ཡོང་མཁན་མང་ཤོས་སུ་གྱུར་ཡོད། སྔོན་མ་དགུན་ཁར་སྒོ་རྒྱག་པའི་དམངས་སྲོལ་གནས་ཚང་དག་ད་ཆ་མངགས་ཐོ་སང་ལོའི་དཔྱིད་འགོ་བར་བང་བསྒྲིགས་ཡོད་པ་དང་། བོད་བཟོའི་རྒྱ་ཁོག་མི་ཉུང་བ་དགོང་མོར་སྔོན་ནས་མངགས་ན་མ་གཏོགས་རག་གི་མེད་ལ། ཉེ་འཁོར་ཚོང་ཁང་གི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
དབྱང་ཤིན་མན་ལ་ཡུལ་སྐོར་ཚོགས་པའི་མངགས་ཐོ་ཡང་སེ་འབྱོར་བ་དང་། ཉིན་རེའི་ལས་རིམ་ཡང་སང་ལོའི་ཟླ་བ་གཉིས་པར་བསྒྲིགས་ཡོད་པ་རེད། “བདེ་ཆེན་དང་ཨེ་ཤེ་ཡ་ཤར་ལྷོའི་དབར་གྱི་ཡུལ་ལྗོངས་རྦད་དེ་ཁག་ཁག་ཡིན་སྟབས། ཨེ་ཤེ་ཡ་ཤར་ལྷོའི་ཡུལ་སྐོར་བའི་དགའ་བསུ་ཐོབ་པའི་ཤུགས་རྐྱེན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་ཡུལ་སྐོར་བ་མང་པོ་ཡུན་ནན་གྱི་བདེ་ཆེན་དང་ས་འདམ་དུ་ཡོང་ནས་རང་ཉིད་ཀྱི་མིག་ལམ་དུ་གངས་རི་ཐེངས་དང་པོ་མཐོང་ཐུབ་ཡོད། དེར་བརྟེན་གངས་རིའི་སྟེང་གི་ཁ་བ་ཙམ་མ་ཡིན་པར་ཞོགས་པར་ལམ་ངོས་སུ་ཆགས་པའི་བ་མོ་མཐོང་ནའང་ཁོ་ཚོས་དགའ་ཚོར་གྱིས་པར་མང་པོ་རྒྱག་གི་ཡོད”
“འདི་གར་ལངས་ནས་བསྡད་ཚེ། དཔེ་དེབ་ནང་ཞིབ་འབྲི་བྱས་པའི་གངས་རི་མངོན་སུམ་དུ་མཐོང་འོང”ཞེས་མུའུ་མིང་གིས་ཁ་པར་གྱིས་བརྒྱབ་པའི་གངས་རིའི་པར་གསར་འགོད་པར་སྟོན་བཞིན་དུ་བཤད། གངས་འཁྱགས་ཡུལ་སྐོར་སྦྲེལ་ཟམ་དུ་བྱས་ནས་བདེ་ཆེན་གྱིས་མུའུ་མིང་དང་འདྲ་བའི་ཐག་རིང་ཡུལ་སྐོར་བའི“གངས་རི་མཐོང་འདོད་ཀྱི་འདུན་པ”བསྐངས་པ་མ་ཟད། གངས་འཁྱགས་ཀྱི“གྲང་ཟུག”གིས་དཔལ་འབྱོར་གྱི“ཚ་རླབས”འཕྱུར་བའི་ཕན་ནུས་ཀྱང་རྒྱུན་ཆད་མེད་པར་ཐོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།