ཀྲུང་གོ་ཕྱོགས་ཀྱིས་ལོ་སིར་ལྕགས་ལམ་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱས་པ།
“ལོ་ཀྲུང་ལྕགས་ལམ་འཕེལ་རྒྱས་སྔར་བས་ཡག་པོ་འགྲོ་བའི་རེ་སྒུག་བྱེད་ཀྱི་ཡོད”
“ངས་ལས་རོགས་ཚོ་དང་མཉམ་དུ་ལྕགས་ལམ་འདི་གཉེར་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཀྲུང་ལོའི་ལྕགས་ལམ་གྱི་སྐྱེ་ཁུངས་ལོ་སི་ནས་ཡིན་པའི་ཁག་དང་པོའི་མེ་འཁོར་ཁ་ལོ་བ་ལིའུ་ཡིང་ནེང་གིས“ངས་མེ་འཁོར་གཏོང་སྐབས་ཕྲག་ཐོག་ཏུ་ལས་འགན་ལྕི་པོ་ཡོད་པ་ཚོར་གྱི་འདུག”ཅེས་ཚོར་སྣང་ཟབ་མོས་བཤད།
ལིའུ་ཡིང་ནེང་ནི་རང་ཚུགས་འཁོར་ཞབས་འོས་ཐོབ་ཡོད་པའི་སྐྱེ་ཁུངས་ལོ་སི་ནས་ཡིན་པའི་མི་ཁག་དང་པོའི་གྲས་ཡིན་ལ། ཁོང་གིས་ཝན་ཐེན་འབབ་ཚུགས་ལྷོ་མ་ནས་མཐའ་མཚམས་འབབ་ཚུགས་མོ་ཏིང་བར་གྱི་ཟོག་འདྲེན་ལམ་ཐིག་གི་འཁོར་ཞབས་འགན་འཁྲི་འཁུར་གྱི་ཡོད། ལོ་གཅིག་ལྷག་ཙམ་འཁོར་ཞབས་ལས་དོན་བསྒྲུབས་པ་ལས“བདེ་འཇགས་འཁོར་གཏོང”ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་སོང་ཞེས་བཤད།
“2020ལོའི་ཉིན་ཞིག། ངས་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་ཐོག་ནས་ལོ་ཀྲུང་ལྕགས་ལམ་གྱི་གདན་ཞུའི་སྤྱི་བསྒྲགས་ཤིག་མཐོང་བས་ཚོད་ལྟ་ཞིག་བྱེད་བསམས་ནས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བསྐུར་བ་ཡིན”ཞེས་ལིའུ་ཡིང་ནེང་གིས་བཤད་ཅིང་། ཉིན་དེ་ནས་བཟུང་ཁོང་དང་ལྕགས་ལམ་དབར་ལས་འབྲེལ་གྱི་མདུད་པ་ཐེབས། “ལོ་གསུམ་ལྷག་ཙམ་རིང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དངོས་སྦྱོང་གསོ་སྦྱོང་བྱས་པ་བརྒྱུད། 2024ལོའི་ཟླ་བརྒྱད་པར་ལོ་ཀྲུང་ལྕགས་ལམ་གྱི་མེ་འཁོར་ཁ་ལོ་བའི་ལག་ཁྱེར་རག་བྱུང”ཞེས་བཤད། ན་ནིང་འགྲན་རྩོད་པ་70ལྷག་ཙམ་ཁྲོད་ནས་ལིའུ་ཡིང་ནེང་སོགས་སྐྱེ་ཁུངས་ལོ་སི་ནས་ཡིན་པའི་མི་14མེ་འཁོར་ཁ་ལོ་བ་ཁག་དང་པོར་གྱུར་པ་རེད།
“ལོ་ཀྲུང་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་ལོ་སིར་རྒྱལ་སྤྱིའི་ཚད་གཞིའི་ལྕགས་ལམ་མེད་ལ། ལོ་སིའི་སྐད་ཡིག་ནང་ལྕགས་ལམ་དང་འབྲེལ་བའི་ཆེད་ལས་ཐ་སྙད་ཀྱང་མེད། དེར་བརྟེན། ང་ཚོས་ཆེད་ལས་ཤེས་བྱ་དང་རྒྱ་ཡིག་གཉིས་ཀ་སློབ་སྦྱོང་ཧུར་ཐག་བྱས་པ་ཡིན”ཞེས་ལིའུ་ཡིང་ནེང་གིས་བཤད། ལོ་གསུམ་ལྷག་ཙམ་རིང་། རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་རྒྱུགས་བླངས་པ་བརྒྱུད། ཁོང་སློབ་མ་ནས་ཁ་ལོ་བ་གཞོན་པ་དང་། ཁ་ལོ་བ་གཞོན་པ་ནས་ཁ་ལོ་བའི་བར་འཚར་ལོངས་བྱུང་སྟེ་ད་ཆ་དགེ་ཕྲུག་ཀྱང་ཁྲིད་ཀྱི་ཡོད་པ་རེད།
ལིའུ་ཡིང་ནེང་གིས། ང་འདི་གའི་ལས་ཀའི་ཁོར་ཡུག་ལ་ཧ་ཅང་དགའ་པོ་ཡོད། “ཀྲུང་གོ་ཕྱོགས་ཀྱི་དགེ་རྒན་དང་དོ་དམ་པ་ཡིན་ནའང་འདྲ། ཡང་ན་ལོ་སི་ཕྱོགས་ཀྱི་ལས་རོགས་གང་ཞིག་ཡིན་རུང་། ཚང་མས་ཕན་ཚུན་སྐུལ་ཁྲིད་ཀྱིས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད” “ངས་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་མགྱོགས་མྱུར་བླངས་ནས་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་ཞིག་ཏུ་སྔ་ཙམ་འགྱུར་རེ་བྱེད་ཀྱི་ཡོད”ཅེས་བཤད། མིག་སྔར། ཀྲུང་ལོའི་ལྕགས་ལམ་གྱིས་སྐྱེ་ཁུངས་ལོ་སི་ནས་ཡིན་པའི་མེ་འཁོར་ཁ་ལོ་བ་ཁག་གསུམ་པ་གསོ་སྐྱོང་བྱེད་འགོ་འཛུགས་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་2026ལོར་སྐྱེ་ཁུངས་ལོ་སི་ནས་ཡིན་པའི་མེ་འཁོར་ཁ་ལོ་བ་54ཟིན་རྒྱུ་རེད།
2025ལོའི་ཟླ་བཅུ་གཉིས་པར། ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་4ཕྱིན་ཡོད་པ་རེད། ལིའུ་ཡིང་ནེང་གིས“ངས་མུ་མཐུད་འདི་གར་བསྡད་དེ། ལྕགས་ལམ་འདི་གཉེར་སྐྱོང་ཡག་པོ་བྱེད་ཀྱི་ཡིན”“ལོ་སིའི་གཞོན་ནུ་སྔར་བས་མང་བ་ལོ་སིའི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་ཏེ་བྱ་གཞག་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་གྱིས་ལོ་ཀྲུང་ལྕགས་ལམ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་རེ་བྱེད་ཀྱི་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།