“ཀྲུང་ཕྱིའི་ཁེ་ལས་ལ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་དགོས”
——སུའུ་དབྱི་ཧྲི་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཤ་ཧུང་ཡེ་ལ་བཅར་འདྲི་བྱས་པ།

ཤ་ཧུང་ཡེ།
ཧྥ་རན་སེའི་སུའུ་དབྱི་ཧྲི་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཤ་ཧུང་ཡེས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “2025ལོ་ནི་སུའུ་དབྱི་ཧྲི་ཚོགས་པ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་50འཁོར་བའི་ལོ་ཞིག་རེད། ང་ཚོས་དུས་རབས་ཕྱེད་ཀ་ཙམ་མཆོང་སྐྱོད་བྱས་པའི་མཉམ་ལས་ཀྱི་ལོ་རྒྱུས་ཀྱི་ལམ་བུ་དེར་གཅེས་སྤྲས་ཆེན་པོ་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་ཡིད་ཆེས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་ཆེད་ལས་ཀྱི་ཤེས་བྱ་ཟབ་མོ་དང་ཐོན་ལས་ཀྱི་སྟོབས་ཤུགས་ཆེན་པོ་ལྡན་པས་ད་ལྟ་ནི་ང་ཚོས་ལག་གདང་སྦྲེལ་ནས་མཉམ་ལས་གསར་གཏོད་དང་། མིག་སྔའི་འགྲན་སློང་ལ་ཁ་གཏད་གཅོག་པ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་ཤིག་རེད”ཅེས་བརྗོད།
ཉེ་ཆར། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཙུང་ཐུང་མ་ཁེ་ལུང་གིས་ཀྲུང་གོར་འཚམས་འདྲི་གནང་བའི་ཚོང་དོན་སྐུ་ཚབ་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས། སུའུ་དབྱི་ཧྲི་ཚོགས་པས་ད་ཐེངས་ཅང་སུའུ་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་གྱི་མཉམ་ལས་རོགས་ཟླའི་དབར་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་གསར་པ་གཉིས་གཏན་འཁེལ་བྱུང་བ་རེད། “ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་སུ་ཡུན་རིང་མཉམ་ལས་དམ་ཟབ་བྱས་ཡོད། ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ཁྱབ་ཁོངས་སུ་མཐུན་སྦྱོར་གསར་གཏོད་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཤ་ཧུང་ཡེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་མཉེན་ཆ་ཆེ་རུ་ཕྱིན་ཡོད། ཀྲུང་གོས་མུ་མཐུད་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་དེས་ཧྥ་རན་སེའི་ཁེ་ལས་ཚུད་པའི་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུར་གོ་སྐབས་བསྐྲུན་ཡོད། “མིག་སྔར། ང་ཚོས་ཀྲུང་གོའི་གྲོང་ཁྱེར་དང་ས་ཁུལ་གཙོ་བོ་30ལྷག་ཙམ་གྱི་སྐུ་མགྲོན་དང་ཡུན་རིང་བརྟན་ལྷིང་གི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ལས་སྒོ་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་ཆུ་དོན་གཉེར་སྐྱོང་དང་། ཟོག་སྙིགས་ཐོན་ཁུངས་དོ་དམ། བཟོ་ལས་གླིང་གི་ཞབས་ཞུ། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ། རིག་ནུས་ཁོར་ཡུག་ཐག་གཅོད་ཇུས་གཞི་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་རྒྱ་སྐྱེད་བཏང་ཡོད”ཅེས་ཤ་ཧུང་ཡེས་ངོ་སྤྲོད་བྱས།
2025ལོའི་ཟླ་11པར། ཀྲུང་གོས《ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་གྱི་ཀྲུང་གོའི་བྱ་སྤྱོད》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ཤིང་། ཤ་ཧུང་ཡེས“ཐཱན་གཉིས”ཀྱི་དམིགས་ཚད་བཏོན་པ་དེས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་ཁྲོད་ཀྱི་ཀྲུང་གོའི་མིག་རྒྱང་དང་འགན་འཁུར་ཕོད་པ་མཚོན་གྱི་ཡོད། “ཀྲུང་གོས་དཔལ་འབྱོར་འཕར་བ་དང་སྐྱེ་ཁམས་ཕྱོགས་སྒྱུར་ཟུང་འབྲེལ་དམ་ཟབ་བྱེད་པའི་འཐབ་ཇུས་དེས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་སྒུལ་ཤུགས་བསྣན་ཡོད་ལ། གོ་ལ་ཧྲིལ་པོའི་སྦགས་བཙོག་མེད་པའི་དམིགས་ཚད་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཐོབ་ཡོད”ཅེས་བརྗོད་པ་དང་། ཁོང་གིས། དེས་ཀུང་སིས་ཀྲུང་གོའི་ཁྲོམ་ར་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་པའི་ངོས་འཛིན་བྱེད་པ་དང་། “ང་ཚོས་ཐཱན་འདོར་དང་། འཁོར་རྒྱུག་དཔལ་འབྱོར། ལྗང་མདོག་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་དགོས་མཁོ་དང་ལེན་ཧུར་ཐག་བྱས་ཏེ་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་དང‘གོམ་སྟབས་གཅིག་གྱུར’ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་ཞིག་ཡིན་པ་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་རྒྱལ་སྒྲོལ་ཁེ་ལས་དེ་བས་མང་བ་ཀྲུང་གོར་ཡོང་སྟེ་མ་འཇོག་ལས་གཏོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཤ་ཧུང་ཡེས“ཀྲུང་གོའི་ལོ་ལྔའི་འཆར་འགོད་ཀྱིས་ཁྲོམ་རར་སྲིད་ཇུས་ཀྱི་སྟོན་ཕྱོགས་ཁ་གསལ་མཁོ་འདོན་བྱས་ཡོད། རྒྱལ་སྒྲོལ་ཁེ་ལས་ཀྱི་ཕུགས་ཀྱི་འཐབ་ཇུས་འཆར་འགོད་ངོས་ནས་བརྗོད་ན་སྔོན་དཔག་ཐུབ་པའི་ཚོང་གཉེར་ཁོར་ཡུག་ལ་དོན་སྙིང་གལ་ཆེན་ལྡན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རང་ངོས་ཀྱི་ལག་རྩལ་དང་རྣམ་གྲངས་ཀྱི་དམིགས་བསལ་གྱི་ལེགས་ཆ་མུ་མཐུད་འདོན་པ་དང་། ཀྲུང་གོའི་ཁྲོམ་རའི་ལྗང་མདོག་འཕེལ་རྒྱས་ཀྱི་རེ་ཞུ་དང་འཚམ་མཐུན་ཐུབ་པ། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་རོགས་ཟླ་དང་མཉམ་དུ་སྤུས་ཚད་མཐོ་བ་དང་ནུས་ཆེའི་མཉམ་ལས་དེ་བས་མང་བ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་གི་ཡིན”ཞེས་ཤ་ཧུང་ཡེས་བརྗོད།
འབྲེལ་ཡོད་གསར་འགྱུར།