དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་པེའི་རི་ཁུལ་དུ་སློབ་སྐྱོར་བྱེད་མཁན་དགེ་རྒན་ཡོན་ཧུའེ།

    མི་བཟང་གསོ་སྐྱོང་ལས་ལ་གཞོལ། སློབ་ཁྲིད་ཁྲོད་ནས་སྤྲོ་སྣང་འཕེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཅུན།   |     སྤེལ་དུས།  2026-01-02

    ཝུའུ་ལིང་ཧྲན་རི་གསེབ་ཏུ་བསྲིངས་པའི་རི་ལམ་ཀྱག་ཀྱོག་ཏུ་རླངས་འཁོར་ཞིག་དལ་བུར་སྐྱོད་བཞིན་མཆིས། མཐར་རླངས་འཁོར་དེ་ཧུའུ་པེ་ཞིང་ཆེན་པ་ཏུང་རྫོང་ཆིང་ཐའེ་ཕིང་གྲོང་རྡལ་ཅང་ཅ་དབན་སློབ་ཁྲིད་ས་ཚིགས་སུ་འབྱོར་བ་དང་། ན་གཞོན་ཞིག་གིས་རླངས་འཁོར་ལས་བབས་ཏེ་རྡོག་ཁྲེས་ཁུར་ནས་སློབ་གྲྭའི་ཕྱོགས་སུ་བསྐྱོད། ན་གཞོན་དེས“ང་འདིར་སློབ་སྐྱོར་ལ་འོང་བ་ཡིན”ཞེས་བཤད། ཁོ་པའི་མིང་ལ་ཡོན་ཧུའེ་ཞེས་འབོད་ཀྱི་ཡོད། དེ་ནི་2012ལོའི་ཟླ་9ཚེས་8ཉིན་ཁོ་པ་པ་ཏུང་དུ་སློབ་སྐྱོར་ལ་ཡོང་ཐེངས་དང་པོའི་གནས་ཚུལ་རེད། ད་ཆ་ཁོ་པས་རི་ཁུལ་དེར་སློབ་སྐྱོར་བྱས་ནས་ལོ་13ཕྱིན་ཟིན།

    ཡོན་ཧུའེ་ད་ལོ་ལོ་37ལ་སླེབས་པ་དང་། ཅང་སུའུ་ཞུས་ཀྲོའུ་ཤིན་དབྱི་གྲོང་ཁྱེར་ཧྲའོ་ཏེན་གྲོང་རྡལ་དུ་སྐྱེས་པ་དང་། ཁྱིམ་ཚང་གི་ཆ་རྐྱེན་སྤྱིར་བཏང་ཡིན་ནའང་། ཕ་མ་གཉིས་པོས་གྲོང་ཚོའི་ནང་གི་དཀའ་ངལ་ཡོད་མཁན་ཁྱིམ་ཚང་ལ་རྒྱུན་དུ་རོགས་རམ་བྱེད་ཀྱི་ཡོད། ཕ་མའི་བྱ་བཟང་བསྒྲུབ་རྒྱུར་དགའ་བའི་བྱ་སྤྱོད་ཀྱིས་ཁོ་པར་ཤུཌ་རྐྱེན་ཐེབས་ཏེ། མཐོ་འབྲིང་འགྲིམ་སྐབས། ཁོ་པར་སློབ་སྐྱོར་ལ་འགྲོ་རྒྱུའི་བསམ་བློ་འཁོར། 2012ལོར་ནན་ཅིང་སློབ་ཆེན་ནས་མཐར་ཕྱིན་རྗེས། ཁོ་པས་སྔར་བཞིན་དཀའ་ཚེགས་ཆེ་བའི་ས་ཁུལ་ལ་སློབ་སྐྱོར་བྱེད་པར་འགྲོ་རྒྱུའི་སེམས་ཐག་བཅད།

    དེ་དུས་ཅང་ཅ་དབན་སློབ་ཁྲིད་ས་ཚིགས་ལ་འཛིན་གྲྭ་གཉིས་ཡོད་པ་དང་། སློབ་མ་27ཡོད་པ་ཕལ་ཆེ་བ་གཞིས་ལུས་བྱིས་པ་རེད། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱ་ཆེད། ཡོན་ཧུའེ་ཡིས་འཁྲབ་སྟོན་དང་སྦྲགས་ནས་སློབ་ཁྲིད་བྱ་ཐབས་སྤྱད་པ་དང་། སློབ་མ་རྣམས་ལ་སྙན་ཚིག་དང་རྡོར་རི་མོ་འབྲི་སྟངས་ཀྱང་སློབ་ཀྱི་ཡོད།

    འཛིན་གྲྭའི་ནང་མིང་འདོགས་ལ“སྲིང་བལ་ཆུང་ཆུང”ཞེས་འབོད་པའི་སློབ་མ་ཞིག་ཡོད་པ་དེ་ཤིང་སྡོང་ལ་འཛེག་རྒྱུར་ཤིན་ཏུ་བྱང་། ཡོན་ཧུའེ་ཡིས་ཤིང་སྡོང་ལ་འཛེག་པའི་འགྲན་བསྡུར་ཞིག་གཉེར་བར“སྲིང་བལ་ཆུང་ཆུང”ལ་ཨང་དང་པོ་རག་པ་དང་། ཡོན་ཧུའེ་ཡིས་སློབ་མ་དེར་ཆེད་དུ་བྱ་དགའི་བུམ་པ་ཆུང་ཆུང་ཞིག་བཟོས་ནས་སྤྲད། རྗེས་སུ“སྲིང་བལ་ཆུང་ཆུང”རང་གིས་རང་ལ་ཡིད་ཆེས་ཆེ་རུ་སོང་ནས་སློབ་སྦྱོང་བྱེད་སེམས་ཆེ་རུ་སོང་ཞིང་། ཡོན་ཧུའེ་ཡིས“ཕྲུ་གུ་རང་རང་སོ་སོར་ལྷན་སྐྱེས་ཀྱི་ཤེས་རབ་རེ་ཡོད་པས། ཚང་མ་བདེ་མ་ཐང་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    ཡོན་ཧུའེ་ཡིས་ཆེས་བརྗེད་པར་དཀའ་བའི་སློབ་མ་ནི་ཁོ་པས་ཅང་ཅ་དབན་ས་ཚིགས་སུ་སློབ་ཚན་ཁྲིད་མྱོང་བའི་ཐེན་ཡན་ཆིང་རེད། ཁོ་མོར་རུས་ནད་ཡོད་སྟབས་གཟབ་གཟབ་མ་བྱས་ཚེ་རུས་ཆག་འབྱུང་སླ། གཟུགས་པོའི་རྐྱེན་གྱིས་ཁོ་མོ་རྒྱུན་གཏན་བཞིན་སློབ་གྲྭར་སློབ་ཚན་ཉན་པར་འོང་མ་ཐུབ་པར་ཁྱིམ་དུ་གཅིག་པུར་སྡོད་ཀྱི་ཡོད། ཡོན་ཧུའེ་ཡིས་གཟའ་འཁོར་རེར་ལམ་ཐག་སྤྱི་ལེ་གསུམ་ཟིན་པའི་རི་ལམ་བརྒལ་ཏེ་ཁོ་མོའི་ཁྱིམ་དུ་ཟུར་ཁྲིད་བྱེད་པར་འགྲོ་གི་ཡོད།

    2014ལོར་ཡོན་ཧུའེ་པ་ཏུང་རྫོང་ཆིང་ཐའེ་ཕིང་གྲོང་རྡལ་པའེ་ཧྲ་ཕིང་སློབ་ཆུང་དུ་སློབ་སྐྱོར་བྱེད་པར་སླེབས་རྗེས། ཐེན་ཡན་ཆིང་གི་ཁྱིམ་དང་ཐག་དེ་བས་རིང་དུ་སོང་ཡང་། ཐེན་ཡན་ཆིང་ལ་ཟུར་ཁྲིད་བྱེད་པར་སྟབས་བདེ་ཡོང་ཆེད། ཡོན་ཧུའེ་ཡིས་ཆེད་དུ་སྦག་སྦག་རྙིང་པ་ཞིག་ཉོས་ཤིང་། ཐེངས་ཤིག་གངས་ཆེན་པོ་ཞིག་བབས་ནས་རི་ལམ་འགགས་པ་དང་སྦག་སྦག་གི་འཁོར་ལོ་གངས་ནང་དིམ་ཡང་། ཡོན་ཧུའེ་ཡིས་རྐང་ཐང་དུ་ཆུ་ཚོད་གཉིས་བསྐྱོད་དེ་ལྷམ་དང་རྐང་ཤུབས་རློན་པ་ཆགས་པ་དང་། རྐང་མཐིལ་ལ་ཆུ་ལྒང་སྐྱེས་ཀྱང་སྡུག་རུས་ཀྱིས་ཕྱིན་ནས་མཐར་ཐེན་ཡན་ཆིང་ཁྱིམ་དུ་སླེབས་པ་རེད།

    ལོ་དྲུག་རིང་། ཡོན་ཧུའེ་ཡིས་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་ཟུར་ཁྲིད་བྱེད་པར་ཐེངས་མང་བསྐྱོད་ཡོད། རྗེས་སུ་ཐེན་ཡན་ཆིང་པ་ཏུང་རྫོང་གི་གཙོ་གནད་མཐོ་འབྲིང་དུ་རྒྱུགས་འཕྲོད་པ་དང་། ད་ལོའི་ཟླ་བ་དགུ་པར་ཁོ་མོ་ཝུའུ་ཧན་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད། “རྒན་ལགས་ཕེབས་རྗེས་ངའི་འཚོ་བར་དྲོ་སྐྱིད་དང་འོད་སྣང་གིས་ཁེངས་སོང”ཞེས་ཐེན་ཡན་ཆིང་གིས་ཡོན་ཧུའེ་ལ་སྤྲིངས་པའི་འཕྲིན་ཡིག་ནང་དེ་ལྟར་བྲིས་ཡོད། “ཡན་ཆིང་རང་ཉིད་ཀྱིས་དཀའ་ངལ་ཁྱད་བསད་དང་རང་དམའ་རང་འབེབས་ལས་རྣམ་པར་རྒྱལ་ཏེ། ཁོ་མོའི་སེམས་ཤུགས་དང་བློ་བག་ཡངས་པའི་སེམས་ཁམས་ཀྱིས་ངར་མྱོང་ཚོར་ཟབ་མོ་བྱུང་། ངའི་ངོས་ནས་བཤད་ཚེ། ཐེན་ཡན་ཆིང་ནི་ངའི་དགེ་རྒན་ཡིན་ཟེར་ཆོག”ཅེས་ཡོན་ཧུའེ་ཡིས་བཤད།

    2020ལོར་ཡོན་ཧུའེ་པ་ཏུང་རྫོང་ནས་ཁ་བྲལ་ཏེ་ཧུའུ་པེའི་ཅན་ཧྲི་རྫོང་ཀའོ་ཕིང་གྲོང་རྡལ་ཝང་ཕིང་དམའ་འབྲིང་དུ་སློབ་སྐྱོར་བྱེད་པར་བསྐྱོད་ཡོད། ཁོ་པ་སྔར་རྒྱུན་བཞིན་ཐག་རིང་རི་ཁུག་གི་འཐབ་ས་དང་པོའི་སློབ་ཁྲིད་ས་ཚིགས་སུ་སློབ་ཁྲིད་ལ་གཞོལ་ནས་ངོ་གདོང་ལ་གཉེར་རིས་མང་དུ་ཕྱིན་ནའང་། ཁོང་ལ་འགྱུར་བ་གང་ཡང་བྱུང་མེད་པ་རེད། ཡོན་ཧུའེ་ཡིས“འདིར་གླ་ཕོགས་དེ་ཙམ་མཐོ་པོ་མེད་ཀྱང་སེམས་པ་སྐྱིད་པོ་འདུག”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།