རྒྱལ་ཡོངས་ཀྱི་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་10.9ལྷག་ཙམ་ཟིན་པ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་10.9ལྷག་ཙམ་ཟིན་པ་དེ་2020ལོའི་ལོ་མཇུག་ལས་མུའུ་ཁྲི་5300ཡན་མང་དུ་ཕྱིན་ནས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་ཆུ་བེད་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།
ཆུ་བེད་སྡེ་ཚན་གྱིས་ཆེ་འབྲིང་རྣམ་པའི་དེང་རབས་ཅན་གྱི་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་དང་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་ནས། འདྲེན་འབུད་ལས་གྲྭའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་ཆེད། 2025ལོར་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་7གསར་དུ་ལས་འགོ་ཚུགས་པ་དང་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་560ལྷག་ཙམ་འཆར་འགོད་བྱས་ཡོད། “ཆེ་འབྲིང་རྣམ་པའི་ཞིང་ཆུ་འདྲེན་ཁུལ་གྱི་རི་མོ་གཅིག”འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེ་འབྲིང་རྣམ་པའི་ཞིང་ཆུ་འདྲེན་ཁུལ་གྱི་མིང་གཞུང་མཉམ་སྒུལ་ལེགས་སྒྲིག་བྱེད་པ། གནད་སྨིན་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། རྒྱལ་ཡོངས་སུ་ད་ཆ་ཆེ་འབྲིང་རྣམ་པའི་ཞིང་ཆུ་འདྲེན་ཁུལ་ཁག་6924ཡོད་པ་དང་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་6.27འཆར་འགོད་བྱས་ཡོད། 2025ལོར་ཞིང་ཆུ་འདྲེན་ཁྱོན་གྱི་འབྲུ་རིགས་ཐོན་འབབ་ཀྱིས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་གྱི་80.76%བཟུང་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།