བོད་ཀྱི་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
2025ལོའི་ཟླ་12ཚེས་29ཉིན། གསར་འགོད་པས་རང་སྐྱོང་ལྗོངས་གྲོང་གསེབ་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་སྐྱོང་གི་གྲུབ་འབྲས་སྐོར་གྱི་གསར་འགོད་པའི་ངོ་འཕྲད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། བོད་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”དང་། “འགྲུལ་སྐྱེལ་དང་། ཟོག་འགྲུལ། སྦྲག་སྲིད་གསུམ་མཉམ་འདྲེས”“སྦྲག་སྲིད་དང་། མྱུར་སྐྱེལ། ཕྱིར་ཚོང་གསུམ་མཉམ་ལས”བཅས་གཏིང་ཟབ་ཏུ་གཏོང་བ་ཐབས་ལམ་གཙོ་བོར་བྱས་ནས་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱས་ཤིང་། རིམ་རྩིས་བརྒྱབ་ན། མིག་སྔའི་བར་ལྗོངས་ཡོངས་སུ་སྦྲག་སྲིད་མྱུར་སྐྱེལ་དྲ་ཚིགས་1324བསྐྲུན་པ་དང་། གྲོང་ཚོ་རིམ་པའི་བསྐུར་སྐྱེལ་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་2410ཕྱོགས་སྒྱུར་རིམ་སྤོར་བྱས་པ། སྒྲིག་ཁོངས་གྲོང་ཚོར་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད་100%ཟིན་པ། གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་དྲ་རྒྱ་ཁེབས་ཚད་100%ཟིན་པ་དང་གྲོང་གསེབ་ཀྱི་སྦྲག་ལམ་100%རུ་རླངས་འཁོར་གྱིས་སྐྱེལ་འདྲེན་ཐུབ་པ། “རྫོང་ཚང་མར་བགོ་སྤྲོད་བྱེད་མཁན་ཡོད་པ་དང་། ཤང་ཚང་མར་དྲ་ཚིགས་ཡོད་པ། གྲོང་ཚོ་ཚང་མར་ཞབས་འདེགས་ཞུ་མཁན་ཡོད་པ”བཅས་ཀྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
བོད་ཀྱིས་དྲ་རྒྱའི་སྦྲེལ་ཚིགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་སྤྱི་ཚོགས་ཀྱི་མྱུར་སྐྱེལ་ཐོན་ཁུངས་དང་འགྲུལ་སྐྱེལ་རླངས་འཁོར་གྱི་སྐྱེལ་འདྲེན་ནུས་པ་བསྡུ་སྒྲིལ་བྱས་ཏེ་ཕྱོགས་གཉིས་ཀྱི་ཟོག་འགྲུལ་འགྲོ་ལམ་ནུས་ལྡན་བསྐྲུན་ཡོད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ས་ཚིགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དྲ་རྒྱ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཆ་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁེ་ལས་54ཡོད་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་369ཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་623དང་སྒྲིག་ཁོངས་གྲོང་ཚོ་3902ལ་ཁྱབ་པ། ཞིང་ཆེན་རིམ་པ་1དང་། ས་ཁུལ་དང་གྲོང་ཁྱེར་རིམ་པ་6 རྫོང་རིམ་པ་67གྱི་ཐོན་ཁུངས་བསྡུ་སྒྲིལ་སྡེབ་སྐྱེལ་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་ཡོངས་ཁྱབ་ཞབས་ཞུའི་དྲ་ཚིགས་628 གྲོང་ཚོ་རིམ་པའི་ཕྱོགས་བསྡུས་དམངས་ཕན་ཞབས་ཞུའི་ས་ཚིགས་4900 གྲོང་གསེབ་ཀྱི་སྦྲག་བསྐུར་རང་ལེན་ས་ཚིགས་568བཅས་བསྐྲུན་ཡོད།
གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འགྲེམས། སྦྲག་སྲིད་བཅས་མཉམ་འདྲེས་འཕེལ་རྒྱས་དང་ལས་ཕྱོད་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་ཆེད། བོད་གྱིས《གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འགྲེམས། སྦྲག་སྲིད་བཅས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག》བཀྲམ་ནས་རྫོང་དང་ཆུས་38ལ་ཚོད་ལྟ་བྱས་ཤིང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འགྲེམས། སྦྲག་སྲིད་བཅས་མཉམ་འདྲེས་ཀྱི་ལམ་ཐིག་97ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་130བཏང་ཡོད། 2025ལོར་རིམ་རྩིས་བརྒྱབ་ན། སྦྲག་བསྐུར་དང་། མྱུར་སྐྱེལ། བསྐུར་མ་སོགས་ཁྲི་114.7ལྷག་ཙམ་ཚབ་འདྲེན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།