སྡེ་ཚན་བཞིས《བསམ་འཆར》ལ་མཉམ་དུ་མིང་རྟགས་བཀོད་པ།
རང་ལྗོངས་ཀྱིས་ཟུར་ཚད་མང་པོ་ནས་ཞུ་གཏུག་རྫུན་མར་ཆད་པ་གཅོད་པ།
2025ལོའི་ཟླ་12ཚེས་27ཉིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། སྤྱི་བདེ་ཐིང་། ཁྲིམས་འཛིན་ཐིང་བཅས་དང་མཉམ་དུ་ཞུ་གཏུག་རྫུན་མར་ཆད་པ་གཅོད་པའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས《ཞུ་གཏུག་རྫུན་མར་འགོག་ཟོན་དང་། ཤེས་རྟོགས། ཆད་གཅོད་བཅས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ལ་མཉམ་དུ་མིང་རྟགས་བཀོད་དེ་ཞུ་གཏུག་རྫུན་མའི་བྱེད་སྤྱོད་འགོག་ཟོན་དང་། ཤེས་རྟོགས། ཆད་གཅོད་བཅས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་ཞུ་གཏུག་རྫུན་མའི་གྱོད་གཞི་སྒྲུབ་གཉེར་ལག་བསྟར་གྱི་དཀའ་གནད་སེལ་བའི་བྱེད་ཐབས་མཉམ་དུ་གྲོས་བསྡུར་བྱས་པ་རེད།
གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས《བསམ་འཆར》ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཚན་པ་ཁག་དབར་རོགས་ལས་གཞོཌ་འདེགས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཆ་འཕྲིན་མཉམ་སྤྱོད་དང་རོགས་ལས་མཉམ་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་། སྒྲིག་ཁྲིམས་ལས་འགལ་ཏེ་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་དང་། ངལ་རྩོལ་རྩོད་གླེང་། ཉོ་ཚོང་གན་རྒྱ། དེ་བཞིན་སྡོད་ཁང་སྤྱི་གསོག་མ་དངུལ་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་སོགས་ཞུ་གཏུག་རྫུན་མ་ཐོན་མང་སར་དམིགས་ཏེ་ཞིབ་དཔྱོད་གཞི་གཅིག་གི་འགན་སྒྲུབ་དང་ཕྱོགས་བསྡུས་འགན་སྒྲུབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག“བཅའ་ཁྲིམས་ལག་བསྟར་སུས་བྱས་ཀྱང་། དེ་ཡིས་ཁྱབ་གདལ་གཏོང་འགན་འཁུར་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། དཔེ་མཚོན་གྱོད་དཔེ་མཉམ་དུ་ཁྱབ་བསྒྲགས་བྱས་པ་བརྒྱུད་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་ཟིལ་གྱིས་གནོན་པ། སྤྱི་ཚོགས་ཡོངས་ཀྱིས་ཡིད་རྟོན་ཁྲིམས་འཛིན་གྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱེད་པ། ཁྲིམས་འཛིན་གཞུང་དྲང་ལ་འབྱུང་རྩ་ནས་སྲུང་སྐྱོང་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།