དུས་ཀྱི་འཁོར་ལོ་མདུན་དུ་བསྐྱོད། བོད་ལྗོངས་ཡར་ངོའི་ཟླ་ལྟར་འཕེལ།
གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག
དུས་ཀྱི་འགྲོས་དང་བསྟུན་ནས་གནམ་ལོ་གསར་པ་བསུས།
འོད་སྟོང་འཕྲོ་བའི་2025ལོ་འདས་ཟིན་པ་དང་2026ལོའི་སྐྱ་རེངས་བསུས། དུས་རབས་གསར་པའི་རྒྱང་ལམ་ཐོག་གངས་ལྗོངས་ས་མཐོའི་ཕུགས་འདུན་དོན་གཉེར་བ་ཚོས་དམིགས་ཚད་དེ་བས་ཆེ་བ་དང་ཕུགས་འདུན་གྱི་ཕྱོགས་སུ་སྐྱོད་པར་འབོད་སྐུལ་བྱེད།
སྤྱིར་བཏང་གཏན་ནས་མིན་པའི་2025ལོར་ཕྱིར་མིག་ལྟ་སྐབས། བོད་ཀྱིས་གོམ་ཞེང་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་ནས་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་གྱི་བསམ་པ་བཅངས་པ་དང་ཉིན་ལྟར་འབད་བརྩོན་ལྷོད་མེད་བྱས་ཁར། གོམ་སྟབས་རེ་རེ་ལས་ཕུགས་འདུན་དོན་གཉེར་གྱི་ལམ་བུའི་བདེན་དཔང་བྱས་ཡོད།
ལོ་འདིའི་ནང་། ང་ཚོས་དྲིན་ཚོར་མདུན་སྐྱོད་བྱེད་རིང་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། གཞིས་རྩེའི་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་བཅས་ལས་གདེང་ཚོད་དང་སྟོབས་ཤུགས་ཆེན་པོ་འཕེལ་ཡོད། ཐུགས་ཁུར་ཟབ་བཞེས་དང་ཐུགས་རེ་ཟབ་མོའི་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་གཏོད་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་བརྩམས་ཏེ། ཕུགས་འདུན་དོན་གཉེར་གྱི་གདེང་ཚོད་ཆེ་བ་དང་། འབད་འབུངས་མདུན་སྐྱོད་ཀྱི་གོམ་སྟབས་བརྟན་པ། ལས་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་བཅས་ཇི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡོད།
ལོ་འདིའི་ནང་། དཀའ་སྤྱད་དངོས་སྒྲུབ་བྱེད་རིང་ང་ཚོའི་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ནས་དིང་རིའི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་བར་དང་། འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་པའི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་ཕྱིན་པ་ནས་ཡུལ་བབ་དང་བསྟུན་ཏེ་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བའི་བར་གྱི་ལྗིད་ཏིག་ཏིག་གི་གྲུབ་འབྲས་རེ་རེ“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་ངོ་མཚར་ཆེ་བའི་རྒྱུགས་ལན་དུ་གྱུར་ནས། དུས་རབས་གསར་པའི་བོད་གསར་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད།
ལོ་འདིའི་ནང་། ང་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་རིང་བརྗིད་ཆེའི་དུས་རབས་ཀྱི་གཏམ་རྒྱུད་བརྩམས་ཡོད། མེ་སྟག་འདུས་པ་ལས་འོད་ཆེན་འཕྲོ་བ་དང་། ཆུ་ཐིགས་བསགས་ནས་རྒྱ་མཚོ་གྲུབ་པ་བཞིན་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཀྱིས་ཕུགས་འདུན་དོན་དུ་གཉེར་མཁན་མཐོ་སྒང་བ་ཡོད་དོ་ཅོག་གིས་བློ་སེམས་གཅིག་མཐུན་ངང་འབད་འཐབ་ལྷོད་མེད་ཀྱིས་དཀའ་ཚེགས་ཀྱི་ལམ་བུ་བདེ་ལམ་དུ་བསྒྱུར་བའི་བརྗིད་ཆེའི་ངོ་མཚར་བཏོད་ཚུལ་བརྗོད་ཡོད། ས་ཡོམ་རྒྱག་སྐབས་གདོང་མཆོང་བྱེད་མཁན་དང་། ལྟ་རེས་སྐྱོང་རེས་ཀྱི་རྒྱབ་སྐྱོར་བྱེད་མཁན། “ཐོན་ལས་ཆེན་པོ་དགུ”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགག་སྒྲོལ་དཀའ་སེལ་བྱེད་མཁན་ལག་ལེན་པ་བཅས་ང་ཚོས་གཏན་ནས་བརྗེད་མི་སྲིད་ལ། རི་གསེབ་དང་། ནགས་ཚལ། གངས་རི། རྩྭ་ཐང་བཅས་མེས་རྒྱལ་གྱི་རྩྭ་རྩི་ཤིང་ཚུན་ཆད་རྒྱལ་ཁབ་ས་ཆ་སྲུང་སྐྱོང་བྱེད་མཁན་ཡང་བརྗེད་མི་སྲིད། ཕུགས་འདུན་དོན་དུ་གཉེར་མཁན་རེ་རེ་དང་འབད་འབུངས་མདུན་སྐྱོད་ཀྱི་རྔུལ་ཆུའི་ཐིགས་པ་རེ་རེས་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་པའི་འཛད་མཐའ་མེད་པའི་སྟོབས་ཤུགས་ཤིག་གྲུབ་ནས་གངས་ལྗོངས་ཀྱི་ས་གཞི་ཆེན་པོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད།
ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་བོད་ཀྱི་འབྱོར་ཕྱུག་གི་རྣམ་པ་མངོན། ང་ཚོས་ད་ལྟ་འབད་འཐབ་བྱེད་པ་དེ་བོད་ཀྱི་འབྱུང་འགྱུར་དེ་བས་ཡག་པོ་ཡོང་ཆེད་ཡིན།
མདུན་དུ་སྐྱོད་པ་ནི་དུས་ཚོད་དམ་འཛིན་གྱི་བདེན་དོན་དང་། ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་འགོག་ཐབས་མེད་པའི་གོམ་སྟབས་བཅས་ཡིན་པ་དང་། གོང་དུ་འཕེལ་བ་ནི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་པའི་ཆོས་ཉིད་དང་། རི་གཟར་རྦབ་རྡོ་བཞིན་གྱི་འགོག་ཐབས་མེད་པའི་སྟོབས་ཤུགས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཉིན་མཚན་དབྱེར་མེད་གཞོལ་བའི་འབད་འཐབ་བཅས་རེད།
རེ་བས་ཁེངས་པའི་2026ལོར་བསུ་བ་ཞུ། ང་ཚོས་སྔར་ན་མེད་པའི་རང་འགུལ་གྱི་སྙིང་སྟོབས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས་ཏེ་འགྲན་སློང་ལ་ཁ་གཏད་བཅག་ནས་དཀའ་ངལ་བསུ་བ་དང་། ལས་དོན་ཏན་ཏིག་སྒྲུབ་རིང་སྒྱུར་བཅོས་ཡར་བརྩོན་ཡོང་བར་གཞོལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་རིང་མུ་མཐུད་ལེའུ་གསར་རྩོམ་དགོས།
མདུན་སྐྱོད་ཡར་འཕེལ་ཡོང་བར་ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དེ་དམ་པ་དོན་གཉེར་གྱི་ངར་ཤུགས་སུ་བསྒྱུར་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དེ་མདུན་སྐྱོད་དཀའ་སེལ་གྱི་ལག་ལེན་དང་མཉམ་འདྲེས་བྱེད་པ། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་བར་བཟུང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་དང་སྣེ་ཁྲིད་འོག་གོ་སྐབས་དམ་འཛིན་དང་བྱས་རྗེས་ཧུར་ཐག་བཞག་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་དགོས།
འབད་འཐབ་ལས་ངོ་མཚར་བཏོད། མཐུན་སྒྲིལ་ལས་སྟོབས་ཤུགས་འབྱུང་། མདུན་སྐྱོད་བྱེད་པར་ང་ཚོས“དོན་ཆེན་བཞིར”དམིགས་ཏེ་ཕྱར་བ་གྲུ་འདེགས་དང་དམངས་སེམས་གཅིག་མཐུན་ངང་རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་བཏོན་ནས་མཐུན་སྒྲིལ་འབད་འཐབ་ཀྱི་རང་གཤིས་ནམ་ཡང་བཀྲག་མདངས་འཚེར་བ་དང་སྒུལ་ཤུགས་ནམ་ཡང་འཕེལ་བར་བྱེད་དགོས། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་དེ་བས་མཐུན་སྒྲིལ་དང་། དེ་བས་འབྱོར་ཕྱུག དེ་བས་ཤེས་དཔལ། དེ་བས་ཞི་མཐུན། དེ་བས་མཛེས་སྡུག་ལྡན་པ་བཅས་སུ་བསྐྲུན་ནས། “འཛམ་གླིང་གི་གླིང་སྣེ་གསུམ་པ”དུས་རབས་གསར་པའི་ནང་དེ་བས་བཀྲག་མདངས་འཚེར་བར་བྱེད་དགོས།
དུས་ཀྱི་འཁོར་ལོ་མདུན་དུ་བསྐྱོད་ཅིང་། “གངས་ལྗོངས་རྟགས་ཅན”གྱི་གྲུ་གཟིངས་རླབས་གཤག་མདུན་སྐྱོད་བྱེད། བོད་ལྗོངས་འཕེལ་རྒྱས་གཏོང་བར་ས་མཐོའི་བུ་ཕྲུག་ཚོར་ངར་ཤུགས་དང་དཔའ་སྟོབས་ཀྱིས་ཁེངས་ཡོད། འཕོ་འགྱུར་ཆེ་བའི་ས་གཞི་ཆེན་པོར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཤིང་། ང་ཚོས་ཉི་གཞོན་ལ་ཕྱོགས་ཏེ་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལོ་གསར་པ་བསུ་དགོས།
རང་རེའི་མེས་རྒྱལ་ལ་སྨོན་འདུན་ཞུ་བ་དང་ང་ཚོའི་ལོ་གསར་པར་སྨོན་འདུན་ཞུ་རྒྱུ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ནང་ཞུགས་མཁན་ལས་རིགས་གཅིག་པ་ཚོར་ཡང་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོས་རླུང་བརྟེན་རླབས་གཤག་བྱས་ནས་ཞུམ་མེད་མདུན་སྐྱོད་བྱེད།
འབྲེལ་ཡོད་གསར་འགྱུར།