དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-01

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒས་གྲས་བཅས་ལ།

    གནམ་ལོ་གསར་དུ་ཚེས། ལེའུ་གསར་པ་སླར་ཡང་བཏོད། 2026ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེའི་མཚམས་སུ། ཁྱེད་དང་ནང་མི་ལྷན་རྒྱས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཐབ་འགོད་ཇུས་འདོན་གྱི་ལོ་ཞིག་ཀྱང་རེད། ལོ་འདིའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་ལམ་གསར་པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི《གྲོས་འགོའི》ནང་བརྗིད་ཉམས་ལྡན་པའི་འཆར་གཞི་གསར་པ་བཀོད་དེ། འབྱུང་འགྱུར་ལོ་5ཡི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་བྱས་ཡོད་ལ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བར་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་དེ་བས་ཀྱང་བྱས་ཡོད།

    2025ལོ་ནི་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། གཞིས་རྩེའི་དིང་རིའི་ས་ཡོམ་ལ་མཛུབ་སྟོན་གལ་ཆེན་གནང་བ། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ་བཅས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པའི”གདེང་ཚོད་དང་ཆོད་སེམས་ཤུགས་ཆེན་འཕེལ་བ་དང་། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི”བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐུབ་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ། དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་པས། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད།

    2025ལོར། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་རྣམས་ལོ་ན་རྒས་ཀྱང་སེམས་ཤུགས་ལྷག་པར་ཆེ་བ་དང་། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་ཉམས་མེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་ནས། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ཚད་མཐོའི་གཟེངས་བསྟོད་གནང་བ་མ་ཟད། ཐུགས་རེ་ནན་པོ་ཡང་བཅོལ་ཡོད། རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་སྤྱི་ཡོངས་ལ་བསམ་བློ་བཏང་ནས། རང་རྟོགས་ངང་ནུས་པ་དང་རེ་འདུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་དང་ཟུང་འབྲེལ་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ཁྱད་ཆོས་གང་ལེགས་འདོན་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད“དབུ་དཀར་ཤེས་སྟོབས”ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་གཟི་བརྗིད་བསྣན་ཡོད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་རེད། འགོ་འཛུགས་ས་གསར་པར་རེ་བ་གསར་པས་ཁེངས་པ་དང་། འཆར་གཞི་གསར་པ་རྒྱང་ལམ་གསར་པར་དོན་འཁྱོལ་བྱེད་འགོ་ཚུགས་ཡོད། རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པའི་རེ་བ་ཡོད། ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། སྔར་རྒྱུན་བཞིན་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་མཁན། སྐྱེ་ཁམས་བཟང་པོ་སྲུང་མཁན། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་མཁན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་པའི་རེ་བ་ཡོད།

    ནུབ་ཁའི་ཉི་མ་ནི་ཆེས་མཛེས་ཤོས་དང་། རྒན་རྒོན་ལ་བརྩི་བཀུར་བྱེད་པ་ནི་དྲོ་སྐྱིད་ཆེ་ཤོས་ཡིན། ལོ་གསར་པའི་ནང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བརྩེ་སེམས་འཆང་བ་དང་འགན་འཁྲི་ཁུར་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སེམས་ཤུགས་ཡོད་རྒུ་དང་ལྷག་བསམ་རྣམ་དག་གིས་ཚང་མར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཏེ། བློ་མཐུན་རྣམས་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་དུས་ཆེན་སྤྲོ་པོ་དང་། ནད་མེད་ཚེ་རིང་། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་དང་།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལས་བྱེད་པ་རྒན་གྲས་ཅུས་ཀྱིས།

    2025ལོའི་ཟླ་12ཚེས་31ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།