དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བཅིངས་འགྲོལ་དམག་གི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཚགས་པར་ལས་ཁུངས་ཀྱི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ་70ཡི་རིང་། བཅིངས་འགྲོལ་དམག་གི་ཚགས་པར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། དམག་དཔུང་འཛུགས་སྐྱོང་སྒྱུར་བཅོས་དང་དམག་གྲབས་དམག་འཐབ་ཀྱི་ལག་ལེན་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ། རང་རེའི་ཏང་དང་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། གསར་བརྗེའི་དམག་མི་མི་རབས་ནས་མི་རབས་བརྒྱུད་གསོ་སྐྱོང་བྱེད་པ། མི་དམངས་དམག་དཔུང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རམ་འདེགས་བྱེད་པ་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཅིངས་འགྲོལ་དམག་གི་ཚགས་པར་གྱིས་ཏང་ལ་ཞབས་འདེགས་ཞུ་བ་དང་དམག་དཔུང་གི་ལས་དོན་སྒྲུབ་པའི་ལས་འགན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཚགས་པར་ཆབ་སྲིད་མཁས་པས་གཉེར་བའི་བླང་བྱ་དོན་འཁྱོལ་བྱེད་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་བྱེད་པ། དེང་རབས་ཀྱི་གསར་འགྱུར་ཁྱབ་སྤེལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ། གཡུལ་སའི་འདུ་ཤེས་ཟབ་ཏུ་གཏོང་བ། བདེན་འཚོལ་དངོས་གཉེར་མཐའ་འཁྱོངས་བྱེད་པ། གཞུང་འཁྱོངས་གསར་འབྱེད་ཧུར་ཐག་བྱེད་པ། ནུས་པ་དེ་བས་ཆེ་བའི་དེང་རབས་ཀྱི་དམག་དོན་ཁྱབ་སྤེལ་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་ཀྱི་ཐབས་ལམ་གཙོ་བོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་གཙོ་བོའི་ནུས་པ་དེ་བས་ལེགས་པར་འདོན་པ། དཔོན་དམག་གི་བློ་སེམས་དེ་བས་ལེགས་པར་མགུ་བ་དང་། དམག་དཔུང་སྟོབས་ཆེན་གྱི་གཏམ་རྒྱུད་དེ་བས་ལེགས་པར་ཤོད་པ། དམག་སྦྱོང་དམག་གྲབས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

    འདས་ལོའི་ཟླ་12ཚེས་31ཉིན། བཅིངས་འགྲོལ་དམག་གི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་ཞིང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། དམག་ཨུད་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བཅས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་གསུང་སྒྲ་ཁྱབ་སྤེལ་བཏང་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བསམ་བློ་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    བཅིངས་འགྲོལ་དམག་གི་ཚགས་པར་ནི་ཀྲུང་དབྱང་དམག་ཨུད་ཀྱི་ལས་ཁུངས་ཚགས་པར་ཞིག་ཡིན་ཞིང་། 1956ལོའི་ཟླ་1ཚེས་1ཉིན་གསར་དུ་བཏོན་པ་རེད། 2018ལོའི་ཟླ་2པར། བཅིངས་འགྲོལ་དམག་གི་ཚགས་པར་ཁང་དང་དམག་དཔུང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་གཞན་དག་ཟླ་སྒྲིལ་བཏང་ནས་བཅིངས་འགྲོལ་དམག་གསར་འགྱུར་ཁྱབ་སྤེལ་ལྟེ་གནས་བཙུགས་པ་དང་། ད་ཆ་ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། དྲ་ཚིགས། དཔེ་དེབ་སོགས་གཞི་གཅིག་ཏུ་འདུས་པའི་ཀུན་འདུས་སྨྱན་སྦྱོར་ལས་སྟེགས་ཤིག་ཏུ་འཕེལ་རྒྱས་ཕྱིན་པ་དང་། དེར“ཀྲུང་གོའི་དམག་དཔུང་གི་དུང་བརྡ”སོགས་སྨྱན་སྦྱོར་གསར་པའི་ཁྱབ་བསྒྲགས་མཐའ་སྣེ་91ཡོད་པ་དེ་དག་སྤྱོད་མཁན་བསྡོམས་འབོར་དུང་ཕྱུར་3.6ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།