དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་གསར་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

    ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ལོ་གསར་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་12ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ལོ་གསར་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས། 2025ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཏེ། ཞི་བདེར་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་། དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ། མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་བཅས་ཀྱི་དུས་རབས་ཀྱི་འབོད་བརྡ་དྲག་པོ་བཏང་ཡོད། 2025ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གོམ་སྟབས་བརྟན་པོ་སྤོས་པའི་ལོ་ཞིག་ཀྱང་རེད། ང་ཚོ་པེ་ཅིང་དང་མོ་སི་ཁོར་ཐུག་འཕྲད་ཐེངས་གཉིས་བྱུང་ནས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་ཡིན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཐོངས་མཆན་དཔང་ཡིག་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་ནུས་རྒྱུའི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། གོ་ལ་ཧྲིལ་པོ་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། 2026ལོ་ནི་ཀྲུང་ཨུའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བ་དང《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ་རེད། རྒྱལ་ཁབ་གཉིས་པོས་2026ལོ་ནས་2027ལོའི་བར“ཀྲུང་ཨུའི་སློབ་གསོའི་ལོ”གཉེར་རྒྱུ་ཡིན། ངས་ཙུང་ཐུང་ཕུའུ་ཅིང་དང་མུ་མཐུད་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཕུའུ་ཅིང་གིས། འདས་ལ་ཉེ་བའི་ལོ་དེའི་ནང་ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་འབྲེལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་ཐེངས་གཉིས་བྱས་ཏེ། འཇར་མན་གྱི་ན་ཙིའི་རིང་ལུགས་དང་རི་པིན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་ཐུན་མོང་ཐོག་དྲན་གསོ་ཞུས་པ་མ་ཟད། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པའང་བྱུང་ཡོད། ཨུ་རུ་སུ་དང་ཀྲུང་གོས་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་སྐྱེད་ཧུར་ཐག་དང་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། རྒྱལ་ཁབ་གཉིས་པོར་ཕན་ཚུན་ཐོངས་མཆན་མི་དགོས་པ་མངོན་འགྱུར་བྱུང་ནས་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། སང་ལོར་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག“ཨུ་རུ་སུ་དང་ཀྲུང་གོའི་སློབ་གསོའི་ལོ”གཉེར་འགོ་འཛུགས་རྒྱུ་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དབར་ཕྱོགས་གཉིས་པོའི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་མུ་མཐུད་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཚེས་31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་གིས་ལོ་གསར་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་དང་ཏན་ཏིག་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་དང་། སྨི་ཧྲུའུ་སི་ཅིང་གིས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མདུན་ལམ་ཕུན་སུམ་ཚོགས་པའི་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་པས། ལོ་གསར་པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་གོ་སྐབས་གསར་པ་འཕྲད་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།