དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་2025ལོའི་ཟླ་12ཚེས་29དང་ཚེས་30ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བཅས་བྱས་ནས། མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་དང་། 2026ལོའི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཚོགས་འདུ་མ་འཚོག་གོང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་པ་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་ཡོད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམ་པོར་དམིགས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་ས་གཤིན་པོ་དང་། སོན་བཟང་པོ། གོ་སྐབས་བཟང་པོ། ཐབས་བཟང་པོ་བཅས་འདུས་པའི་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་མཐའ་འཁྱོངས་བྱེད་པར་སྐུལ་འདེད་བཏང་ནས་ཞིང་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་པའི་ནང་བཅུག་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བ་དང་དབུལ་འགྱུར་མི་ཡོང་བའི་མཐའ་ཚད་བརྟན་པོ་སྲུང་དགོས། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་བཅོས་སྐྱོང་དང་ཡ་རབས་ཀྱི་ཡུལ་སྲོལ་ཆགས་ཚད་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན། དམ་འཛིན་དངོས་སྒྲུབ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འགྱུར་བ་དང་། གྲོང་གསེབ་ཏུ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་བཅས་ཡོང་བར་འབད་བརྩོན་བྱེད་དགོས།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམ་པོར་དམིགས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་ཡིན་པ་དང་བསམ་བློའི་ཁྲིད་སྟོན་རང་བཞིན་དང་དོན་དངོས་ཀྱི་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཞིང་། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་བས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་སྤུས་འབྲས་དང་འབྲེལ་བ་ཡོད་པས་ངེས་པར་དུ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས། འབྲུ་སྣུམ་ཐོན་སྐྱེད་བརྟན་དུ་གཏོང་བ་དང་རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེར་གཏོང་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ནས། འབྲུ་རིགས་སྣ་ཁ་ལེགས་འདེབས་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་དགོས། “ཤ་ཚལ་སྒོང་གསུམ”ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས་སྣ་མང་ཅན་གྱི་བཟའ་བཅའ་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ་དང་རྨོ་ཞིང་གི་དམར་ཐིག་ནན་པོ་བསྲུངས་ཏེ། ཁུལ་དབྱེ་རིགས་དབྱེ་དང་སྤུས་ཚད་མཐོ་པོའི་ངང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་ནུས་ཆེའི་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། རྒྱུན་རྣམ་ཅན་གྱི་དབུལ་ལོག་དང་དབུལ་འགྱུར་གྱི་སྔོན་འགོག་ལམ་སྲོལ་སྤྱི་འདོམས་ངང་འཛུགས་པ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དར་རྒྱས་ཅུང་ཞན་པའི་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱིར་གླ་པ་རྒྱུག་མཁན་གྱི་ཞབས་ཞུ་འགན་ལེན་དང་ཕ་ཡུལ་དུ་ལོག་མཁན་གྱི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་ཞིང་པ་ལས་མི་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཞིང་པ་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་ཐབས་ལམ་དང་བྱ་ཐབས་རྒྱ་སྐྱེད་བཏང་ནས། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་བཀོད་ཇུས་སྤྱི་འདོམས་ངང་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་གང་མགྱོགས་སེལ་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བའི་བར་མཐོངས་གཏོད་དགོས། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་མུ་མཐུད་བཅོས་སྒྲིག་དང་ལེགས་སུ་བཏང་སྟེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་གྲོང་ཚོར་གད་སྙིགས་ཀྱིས་ཁེངས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ཡག་པོ་བྱས་ཏེ་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེ་རུ་གཏོང་དགོས། ཡ་རབས་ཡུལ་སྲོལ་འཛུགས་སྐྱོང་གི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་དུས་ཐོག་ཏུ་བསལ་ནས། གྲོང་གསེབ་ཀྱི་བརྟན་ལྷིང་དང་ཞོད་འཇགས་སྲུང་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་རྒྱུའི་ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་ཕྱོགས་ཡོངས་ནས་སྤེལ་བ། གྲོང་གསེབ་ཀྱི་ཐོན་ཁུངས་སྣ་ཚོགས་ཕན་སྒྱུར་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ། གྲོང་གསེབ་དར་རྒྱས་གཏོང་བའི་མ་དངུལ་འདུ་གཏོང་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ། གྲོང་གསེབ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་སྣོན་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་སྲིད་ལས་བྱེད་པས“ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རང་རྟོགས་ངང་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ། ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འཕེལ་རིམ་གསར་པ་ཐོབ་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།