དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-01

    2025ལོའི་ཟླ་12ཚེས་29དང་ཚེས་30ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་ཆབས་ཅིག 2026ལོའི“ཞིང་གསུམ”ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དེས་ང་ཚོས་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆ་མགྱོགས་མྱུར་སེལ་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། ཕྱི་རོལ་གྱི་གནོན་ཤུགས་ཆེས་ཆེར་ཕྱིན་པ་དང་ནང་ཁུལ་ལ་འཕྲད་པའི་དཀའ་ངལ་ཅུང་མང་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག རྒྱལ་ཡོངས་ཀྱིས་མིག་མངས་འགྲིག་སྐོར་གཅིག་དང་གོང་འོག་བསམ་བློ་གཅིག་མཐུན་བྱས་ནས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་པས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་སླར་ཡང་འཕར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་ཐུབ་པ། ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བ་བཅས་བྱུང་ནས། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལྡན་པ་ཞིག་ཡོད་པ་རེད། “ཞིང་གསུམ”ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། འདས་ཟིན་པའི་ལོ་ལྔ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། ང་ཚོས་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་ཚད་རྒྱང་ལམ་གསར་པའི་འགོ་ཡག་པོ་འཛུགས་ཐུབ་པ་བཅས་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ཞིང་ལས་ཀྱི་གཞི་གདན་བརྟན་པོ་ཡོང་བ་དང“ཞིང་གསུམ”གྱི་རྨང་གཞི་ཡག་པོ་སྲུང་རྒྱུ་དེ་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི“གྲུ་གནོན་རྡོ”རུ་བརྩིས་ནས“ཞིང་གསུམ”ལེགས་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ་སྤྱི་ཡོངས་རང་འགུལ་ཡོང་བར་བྱ་རྒྱུ་དེ་རེད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། རང་རྒྱལ་གྱི་འབྱུང་འགྱུར་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་དང་། ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་འགྱུར་བར་ཆེད་དོན་བཀོད་སྒྲིག་བྱས་ཡོད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་བར་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་སྤུས་ཚད་དང་འབྲེལ་བ་ཡོད། ང་ཚོས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ཏན་ཏིག་དང་། དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ནས་ལས་དོན་ཁག་བཀོད་སྒྲིག་དང་དོན་འཁྱོལ་ཡོང་བར་དམ་འཛིན། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ཕྱོགས་སུ་ཏན་ཏིག་སྐྱོད་དགོས།

    ཐེངས་འདིའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག སང་ལོའི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱེད་སྐབས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཨང་དང་པོར་བཞག་ཡོད། ཐོན་འབབ་དང་ཐོན་ནུས་དང་། ཐོན་སྐྱེད་དང་ཐོན་རྣམ། ཐོན་འཕར་དང་འབབ་འཕར་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བྱེད་དགོས།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བར་བརྒལ་དུས་སྐབས་རྗེས་ཀྱི་ལོ་ལྔ་ཚན་དང་པོ་དེ་ཡིན། སང་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལོ་དང་པོ་དེ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པ་དང་། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་པར་ལོ་རྒྱུས་ཀྱི་དོན་སྙིང་དང་འཛམ་གླིང་གི་དོན་སྙིང་ཟབ་མོ་ལྡན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་པའི་ནང་འཇུག་པ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནོར་སྲིད་ཀྱི་མ་དངུལ་གཏོང་བ་དང་། དངུལ་རྩའི་རྒྱབ་སྐྱོར་བྱེད་པ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་སོགས་ཐད་ཀྱི་སྲིད་ཇུས་སྤྱི་ཡོངས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཐོག གསར་སྤེལ་རྣམ་པའི་རོགས་སྐྱོར་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་གྱི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པར་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་དགོས”ཞེས་པ་དང“གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྦྲེལ་མཐུད་ནུས་ལྡན་བྱེད་དགོས”ཞེས་གསུངས་གནང་བ་ལས། བརྒྱུད་རིམ་གྱི་ལྟ་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱེད་པའི་བརྟག་ཐབས་སྨྲ་བ་མངོན་ཡོད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཡིན་པས་ངེས་པར་དུ་གྲོང་གསེབ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་འཕེལ་བར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ལ་གཞི་ཚུགས་ནས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། ལས་དར་དང་། རྫོང་སྟོབས་ཆེན། དམངས་ཕྱུག་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་ནི་བརྒྱུད་རིམ་རང་བཞིན་གྱི་ལས་གྲྭ་ཞིག་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཡིན་པས། སྙིང་རུས་བརྟན་འཁྱོངས་བྱེད་དགོས་ལ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་དམིགས་ཚད་གཏན་འཁེལ་དང་ཆོས་ཉིད་ལ་བརྩི་འཇོག་བྱས་ནས། ནུས་ཤུགས་ཡོད་རྒུ་འདོན་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་བསྐྲུན་པ་དང་། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།