དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གདེང་ཚོད་ལྷག་པར་འཕེལ། འབད་འབུངས་མདུན་སྐྱོད་བྱེད། རྣམ་པ་གསར་པ་གཏོད།

    གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-01

    ཞོགས་པའི་ཉི་གཞོན་ལ་ཕྱོགས་ནས་སླར་ཡང་རྒྱང་ལམ་གསར་པར་སྐྱོད། གནམ་ལོ་གསར་པའི་ནང་ལ་འབད་འཐབ་གསར་པ་བྱེད།

    འདས་ཟིན་མ་ཐག་པའི་2025ལོ་ནི་ཆེས་སྤྱིར་བཏང་མིན་པ་དང་བརྗེད་པར་དཀའ་བ་ཞིག་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་པས་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་རྗེས་ཤུལ་ཟབ་མོ་བཞག་ཡོད།

    ལོ་དེར་ང་ཚོས་སྟོབས་ཤུགས་གཅིག་སྡུད་བྱས་ནས་རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་བཅག་ཡོད། དཔལ་འབྱོར་གྱི་སྤྱི་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་140ཙམ་ཟིན་པ་དང་། འབྲུ་རིགས་ཐད་སླར་ཡང་གྲངས་གནས་མཐོ་བའི་ཐོན་འཕར་བྱུང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་མི་རྣམས་སེམས་ཤུགས་འཕེལ་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེ་སྟོབས་རྒྱས་པ། དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་ཐེབས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་གོམ་སྟབས་བརྟན་པ། དམངས་འཚོའི་རྒྱུགས་ལན་གྱིས་མི་སེམས་ལ་དྲོ་སྐྱིད་སྟེར་ནས་རང་རྒྱལ་དཔལ་འབྱོར་གྱི་གཞི་གདན་སྲ་བརྟན་དང་། འཁོར་སྐྱོད་བརྟན་པོ། གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད།

    ལོ་དེར་ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྟན་ལྷིང་རང་བཞིན་ལ་བརྟེན་ཏེ་འཛམ་གླིང་ལ་དྲང་ནུས་བསྣན་ཡོད། ནང་འདྲེན་འགྲེམས་ཚོགས་ནང་ལོ་བཞིན་རྩིས་ན་འདོད་མཐུན་ཚོང་འགྲིག་དངུལ་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི“རྡོ་ཁབ་ལེན་གྱི་འཐེན་ནུས”མངོན་ཡོད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་གླིང་ཕྲན་ཡོངས་སུ་སྒོ་ཁྲལ་སྡོམ་ནས་ལས་གཉེར་དངོས་སུ་བྱེད་འགོ་ཚུགས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བརྟན་པོ་བཏང་བར་བདེན་དཔང་བྱས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

    ལོ་དེར་ང་ཚོས་ཆར་རླུང་ལ་མི་སྐྲག་པར་གནོན་ཤུགས་ཁྲོད་མདུན་སྐྱོད་བྱས་ནས་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་བརྟན་པོ་བྱས་ཡོད། སྤྱི་ཡོངས་གཉིས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་གཞི་རྩ་ཡིན་པའི་དངོས་ཚན་དཔལ་འབྱོར་ལ་གཞི་ཚུགས་པ་དང་། འཐབ་ཇུས་ཀྱི་གཞི་རྟེན་ཡིན་པའི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་རྩལ་འབད་སྦྱོང་དང་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ཡོད། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་འཐབ་རྩོད་ལ་སྤྱི་འདོམས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་སེལ་བ་དང་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་འགྲན་མེད་སྟོབས་ཤུགས་མངོན་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ་རྒྱལ་ཁའི་ཁྲོད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཡོད།

    “མི་དམངས་ཀྱི་བསམ་འདུན་ལྟེ་བར་འཛིན་པ་དང་གནམ་འོག་གི་ཁེ་ཕན་བདེ་རྩར་འཛིན” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོད་གཏམ་གལ་ཆེན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེར་ས་དང་། གདེང་ཚོད་གནས་ས། སྟོབས་ཤུགས་འབྱུང་ས་བཅས་གསལ་སྟོན་བྱས་ཡོད།

    འདས་ཟིན་པའི་ལོ་5ལ་ཕྱིར་ལྟ་བྱེད་སྐབས། ང་ཚོས་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པ་འགོ་ཡག་པོ་འཛུགས་ཐུབ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་སྟོབས་ཤུགས་འགོག་ཐབས་བྲལ། དེ་ལས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་མཚོན་པ་དང་ང་ཚོས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འབད་འབུངས་ཡར་བརྩོན་བྱེད་པའི་བློ་རྩ་དང་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད།

    འགག་རྩའི་དུས་སུ་སྔ་འཛིན་ཕྱི་མཐུད་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་འབྱུང་འགྱུར་ལོ་5ཡི་རིང་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད་ལ། འཛམ་གླིང་ལའང“གོ་སྐབས་ཀྱི་གསལ་ཐོ”མཁོ་འདོན་བྱས་ཡོད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་པ་དང་འགོ་ཡག་པོ་ཞིག་འཛུགས་ཐུབ་ན་ལེགས་གྲུབ་ཕྱེད་ཀ་བྱུང་བ་དང་ཁྱད་མེད། གཏིང་ཟབ་ལ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་ཁོར་ཡུག་དང་གནད་དོན་རྙིང་པ་དང་འགྲན་སློང་གསར་པའི་མདུན་དུ་ང་ཚོས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་ཆེར་གཏོང་། “ལེགས་ཆ་ཆེན་པོ་བཞི”བེད་སྤྱོད་ཡག་པོ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱས་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེ་བའི་ལེའུ་གསར་པ་གཉིས་མུ་མཐུད་རྩོམ་དགོས།

    འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་ང་ཚོས་ངེས་ཤུགས་དང་སྙུགས་ཤེད་རྒྱུན་འཁྱོངས་བྱེད་དགོས། དེང་རབས་ཅན་ནི་རྒྱང་རྒྱུག་ཅིག་རེད། དབུལ་ཕོངས་ཉམས་ཞན་གྱི་ཞིང་ལས་རྒྱལ་ཁབ་ནས་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པའི་བར་གྱི་གྲངས་ལས་འདས་པའི་ཆར་རླུང་དྲག་པོའི་ཁྲོད་ང་ཚོས་མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ནས། མིའི་རིགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་གསར་པ་བཏོད་ཡོད། འབྱུང་འགྱུར་ལ་ལྟ་སྐབས་དུས་བབ་དང་འཕེལ་ཕྱོགས། དྲང་བདེན་བཅས་ཚང་མ་ང་ཚོའི་ཕྱོགས་སུ་ཡོད། ལོ་རྒྱུས་ཆེན་པོའི་ལྟ་བ་བརྟན་པོ་འཛུགས་པ་དང་། སེམས་ལ་གནམ་འོག་འཆང་རྒྱུ་མཐའ་འཁྱོངས་བྱེད་པ། དམིགས་ཚད་དམ་བཟུང་ལྷོད་མེད་བྱེད་པ། ཉེན་ཁ་སྣ་ཚོགས་ལ་མི་སྐྲག་པ། གཏན་འཁེལ་བའི་འཐབ་ཇུས་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པ། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་དང་མྱུར་ཚད་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། ལོ་ནས་ལོ་བསྟུད་དེ་འབད་འཐབ་བྱས་ན་ལོ་རྒྱུས་ཀྱི་རྒྱུག་མཐུད་ཡག་པོ་ཐུབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པར་རྨང་གཞི་སྔར་བས་བརྟན་པོ་འདིང་ཐུབ་ངེས་རེད།

    འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་དགོས། ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་དེའི་ཆོས་ཉིད་ལྡན་ཞིང་། ཆོས་ཉིད་ཁོང་དུ་ཆུད་པ་དང་། དུས་སྐབས་དམ་འཛིན་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་བྱེད་པ། འབད་འཐབ་ཆེན་པོས་བྱས་རྗེས་འཇོག་པ་བཅས་ནི་ང་ཚོས་ཆར་རླུང་དྲག་པོ་བརྒྱུད་རྗེས་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ཐབས་མཆོག་ཡིན་ལ། རྒྱང་ལམ་གསར་པར་དུས་འགྱུར་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་པ་གཏོད་པའི་གསལ་བསྒྲགས་གལ་ཆེན་ཞིག་ཀྱང་ཡིན། མདུན་སྐྱོད་ཀྱི་འགྲོ་ལམ་ནི་ས་ཐང་བདེ་མོ་ཞིག་མིན་པར་དེར་དཀའ་ཉེན་མང་པོ་འཕྲད་ངེས་ཡིན་ལ་ཚོད་བགམ་གལ་ཆེན་ཡང་འཕྲད་ངེས་རེད། ང་ཚོས་འགྱུར་ལྡོག་ལ་ངོས་འཛིན་བྱེད་མཁས་པོ་དང་། འགྱུར་ལྡོག་ལ་བསྟུན་ནས་འགྱུར་ལྡོག་གཏོང་མཁས་པོ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་བྱས་རྗེས་ཧུར་ཐག་འཇོག་པ། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་སྐྱོད་པའི་དཔའ་ཉམས་ལ་བརྟེན་ནས་དཀའ་གནད་ཁྱད་བསད་དང་། ཉེན་ཁར་གདོང་ལེན། འགྲན་སློང་དང་ལེན་བཅས་བྱས་ཏེ། ཚེར་ཤིང་རྩ་བཅད་བྱས་ནས་བདེ་ལམ་སྐྲུན་པ་དང་རླབས་གཤག་ཆེན་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་པར་བྱེད་དགོས།

    འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་ང་ཚོས་སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་འགན་འཁུར་བྱེད་དགོས། ལམ་ཐག་རིང་ཡང་བསྐྱོད་ན་སླེབས་ངེས་རེད། ཕུགས་འདུན་མངོན་འགྱུར་བྱེད་པར་མཐར་གཏུགས་ན་དངོས་སྒྲུབ་ལ་བརྟེན་དགོས། བསྐྱོད་ཟིན་པའི་ལམ་ལ་ཕྱིར་མིག་བལྟས་ན། མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ཏེ། “འགྲུབ་མི་ཐུབ་པ”མང་པོ་ཞིག“སྒྲུབ་ཐུབ་ངེས”ལ་འགྱུར་བར་བྱས་ཡོད། མདུན་ཕྱོགས་སུ་རྒྱང་ལྟ་བྱས་ན། ང་ཚོ་མི་རེ་ངོ་རེ་ཚང་མ་མི་རིགས་བསྐྱར་དར་གྱི་མཉམ་སྡེབ་ཆེན་པོའི་ཁྲོད་མཉམ་འདྲེས་བྱས་ཚེ། ད་གཟོད་རྔུལ་ཆུ་དང་འབད་འཐབ་ལ་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་གྱི་འོད་སྟོང་འབར་བའི་མདུན་ལམ་ཞིག་གཏོད་ཐུབ་པ་དང་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་ཐུབ། མི་དམངས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་བཞག་སྟེ། བློ་རྩ་བརྟན་པའི་ལག་བསྟར་མཁན་དང་དངོས་སྒྲུབ་མཁན་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཚེ། དཀའ་ངལ་གང་འདྲ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཐབས་བྲལ་ཡོད།

    2026ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་ལོ་ཞིག་རེད། ལོ་ངོ་90ཡི་གོང་གི་རྒྱང་སྐྱོད་རླབས་པོ་ཆེ་དེས་དཀའ་སྡུག་ནས་འོད་སྟོང་འབར་བའི་ཕྱོགས་སུ་སྐྱོད་པའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཙུགས་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་སྐྱོད་སྐབས་ང་ཚོ་བློ་སྟོབས་རྒྱས་ཤིང་གདེང་ཚོད་ཀྱིས་ཁེངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་ཕྱོཌ་ཡོངས་ནས་ལག་བསྟར་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྲ་ཞིང་བརྟན་པའི་དད་སེམས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སེམས་ཤུགས། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད།

    མདུན་སྐྱོད་བྱེད། ཟིལ་རླབས་དགུང་འཕྱུར་གྱི་མདུན་ལམ་ཕྱོགས་སུ་མདུན་སྐྱོད་བྱེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2025ལོའི་ཟླ་12ཚེས་31ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།