རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཤར་རྒྱུད་འཐབ་ཁུལ་གྱི“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀང་གིས་ཉེ་ཆར་ཤར་རྒྱུད་འཐབ་ཁུལ་གྱི“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
གསར་འགོད་པ་ཞིག་གིས་དྲིས་དོན། 2025ལོའི་ཟླ་12ཚེས་29ཉིན་ཤར་རྒྱུད་འཐབ་ཁུལ་གྱིས་ཐའེ་དབན་གླིང་ཕྲན་གྱི་མཐའ་འཁོར་དུ“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་སྒྲིག་འཛུགས་བྱས་ཡོད། ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཤར་རྒྱུད་འཐབ་ཁུལ་གྱི་དམག་སྦྱོང་ནི་ཨ་རིས་ཉེ་དུས་གཞི་ཁྱོན་ཆེན་པོའི་ངང་ཐའེ་དབན་ལ་མཚོན་ཆ་བཙོངས་པར་དམིགས་པ་ཞིག་རེད་ཅེས་དཔྱད་གཏམ་སྤེལ་འདུག དེའི་ཐད་ཁྱེད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
ཀྲང་ཞའོ་ཀང་གིས་བརྗོད་དོན། ཤར་རྒྱུད་འཐབ་ཁུལ་གྱིས་འཕྲལ་མར“དྲང་བདེན་གྱི་འཁྲི་འགན—2025”ཞེས་པའི་ནང་སྦྱོང་སྒྲིག་འཛུགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། ད་རེས་ཀྱི་ནང་སྦྱོང་ནི“ཐའེ་དབན་རང་བཙན”ཁ་ཕྲལ་ཕྱོགས་གཏོགས་དང་ཕྱི་རོལ་ཕྱོགས་གཏོགས་ཀྱི་ཐེ་ཇུས་ཐད་ཉེན་བརྡ་དྲག་པོ་བཏང་བ་ཞིག་རེད་ལ། རྒྱལ་ཁབ་བདག་དབང་གི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ལུགས་མཐུན་དང་དགོས་ངེས་ཀྱི་བྱ་སྤྱོད་ཅིག་ཀྱང་རེད།
ཀྲང་ཞའོ་ཀང་གིས་བརྗོད་དོན། “ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་གི་ཞི་བདེ་ནི་མེ་དང་ཆུ་ལྟར་མཐུན་ཐབས་མེད་ལ། ཕྱི་རོལ་ཕྱོགས་གཏོགས་ཀྱིས“ཐའེ་དབན་རང་བཙན”ལ་གང་བྱུང་དུ་རྒྱབ་སྐྱོར་བྱས་ན་རང་མགོ་ཆུ་འདྲེན་དང་རང་སྡུག་རང་ཉོ་ལྟ་བུའི་མཇུག་འབྲས་ངན་པ་ཐོན་སྲིད། ང་ཚོས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལ“ཐའེ་དབན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བཟོ་བའི”སྟོང་བསམ་དོར་བ་དང་། ཐའེ་དབན་གྱི་གནད་དོན་ཐད་འཁྲུག་ཟིང་སློང་རྒྱུ་མཚམས་འཇོག རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་ཆོད་སེམས་དང་བློ་སྟོབས་ལ་འགྲན་སློང་བྱེད་མི་རུང་བ་བཅས་ཀྱི་སྐུལ་འདེབས་བྱ་རྒྱུ་ཡིན། དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ལ“ཕྱི་རོལ་ལ་བརྟེན་ནས་རང་བཙན་དོན་གཉེར”བྱས་ན་ཅིས་ཀྱང་ཕམ་ངེས་ཡིན་པ་དང“དྲག་ཤུགས་ལ་བརྟེན་ནས་གཅིག་གྱུར་ལ་བཀག་འགོག”བྱས་ན་འཆི་ལམ་ཁོ་ན་ལས་མེད་པ་ནན་གྱིས་བསྒྲགས་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས“རང་བཙན”ལ་ཕར་རྒོལ་གྱིས་གཅིག་གྱུར་སྐུལ་གཏོང་ལ་གཞོལ་བའི་ཐད་ཐེ་ཚོམ་སྤུ་ཙམ་བྱེད་མི་སྲིད་པས། ཁ་ཕྲལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ངེས་ཡིན།
འབྲེལ་ཡོད་གསར་འགྱུར།