རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2026ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2026ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
ལྷན་རྒྱས་སྐུ་ཁམས་བཟང་། དུས་ཀྱི་འཁོར་ལོ་མདུན་དུ་སྐྱོད། མཛེས་སྡུག་ལྡན་པའི་ལེའུ་གསར་རྩོམ། གནམ་ལོ་གསར་པ་འཆར་ལ་ཉེ་བའི་མཚམས་འདིར། ངས་པེ་ཅིང་ནས་ལྷན་རྒྱས་ལ་བཀྲ་ཤིས་སྨོན་འདུན་ཞུ་གི་ཡིན།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད། ལོ་5ཡི་ནང་། ང་ཚོས་དཀའ་སྤྱད་འབད་འབུངས་དང་ཞུམ་མེད་མདུན་སྐྱོད་བྱས་ཐོག དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ཁྱད་དུ་བསད་དེ། དམིགས་ཚད་ལས་འགན་ཁག་ལེགས་པར་བསྒྲུབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་གོམ་སྟབས་བརྟན་པོ་སྤོས་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་རྒྱུན་མཐུད་འགག་སྒོ་གསར་པ་ལས་བསྒྲལ་ཞིང་། ད་ལོ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་140ཟིན་རེ་ཡོད་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། རྒྱལ་སྲུང་གི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ། རི་སྔོན་ཆུ་དྭངས་དེ་བས་བཀྲག་མདངས་འཚེར་ཡུལ་དུ་གྱུར་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ལོ་5ཡི་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་ལ། དེའི་རིང་གི་གྲུབ་འབྲས་ནི་དེ་བས་ཀྱང་ལས་སླ་པོར་ཐོབ་པ་ཞིག་མིན། ཚང་མས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་ལེགས་སྐྱེས་ཕུལ་ནས། དར་རྒྱས་གོང་འཕེལ་གྱི་ཀྲུང་གོའི་རྣམ་པ་འདི་བཏོད་ཡོད། ངས་དཀའ་བ་སྤྱད་ནས་ལེགས་སྐྱེས་འབུལ་མཁན་གྱི་འབད་འཐབ་པ་ཚང་མར་གུས་འདུད་ཞུ་གི་ཡིན།
ལོ་འདིར། ཆེས་བརྗེད་པར་དཀའ་བ་ནི་ང་ཚོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་མཛད་སྒོ་ཆེན་པོ་རྔམ་བརྗིད་ལྷག་ཏུ་ཆེ་ཞིང་། རྒྱལ་ཁའི་གཟི་བརྗིད་ཇི་སྲིད་བར་དུ་ལོ་རྒྱུས་དེབ་ཐེར་ནང་འཁོད་དེ་ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། ཞི་བདེར་གཅེས་འཛིན་བྱེད་པ། མ་འོངས་གསར་འབྱེད་བྱེད་པ་བཅས་ལ་སྐུལ་ལྕག་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།
ང་ཚོས་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཞིང་། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་པས་གསར་གཏོད་ཀྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་དང་། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་གཅིག་ལ་གཅིག་འགྲན་ངང་ཐོན་པ། ཉིང་ལྷེབ་རང་བརྟེན་ཞིབ་སྤེལ་ཐད་ཚད་བརྒལ་གསར་པ་བྱུང་བ་བཅས་རང་རྒྱལ་འདི་ཉིད་གསར་གཏོད་ནུས་ཤུགས་གོང་འཕེལ་མགྱོགས་ཤོས་ཀྱི་དཔལ་འབྱོར་སྡེ་གཞིའི་གྲས་ཤིག་ཏུ་གྱུར་ཡོད། མཁའ་འདྲི་གཉིས་པ་རྟགས་ཅན་གྱིས་རྒྱུ་སྐར་འཚོལ་ཞིབ་ཀྱི་འགྲུལ་བཞུད་འགོ་བརྩམས་པ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་སྐྲུན་འགོ་བརྩམས་པ། གློག་ངར་འཕེན་གཏོང་རྣམ་པའི་གནམ་ཐང་གྲུ་གཟིངས་དང་པོ་དངོས་སུ་དམག་གྲལ་དུ་ཞུགས་པ། མི་དབྱིབས་འཕྲུལ་མིས“དྲག་རྩལ་ངོམས་པ”དང་། མི་མེད་གནམ་གྲུས“ཚོན་ལྡན་ཤོག་སྦག”སྤོར་བའི་འཁྲབ་སྟོན་བྱས་ཡོད། གསར་གཏོད་གསར་སྐྲུན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱས་ཡོད་ལ། འཚོ་བ་དེ་བས་ཀྱང་སྣ་མང་ཕུན་སུམ་ཚོགས་སུ་བཏང་ཡོད།
ང་ཚོས་རིག་གནས་ལ་བརྟེན་ནས་བསམ་པའི་ཁྱིམ་གཞིས་བསྐྱངས་ཤིང་། རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཚ་རླབས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཚ་རླབས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། འཛམ་གླིང་ཤུལ་བཞག་མིང་གཞུང་ནང་དུ་ཁོངས་མི་གསར་པ་བསྣན་པ། ཝུའུ་ཁུང་དང་ནེ་ཏྲ་འཛམ་གླིང་ཡོངས་ལ་སྐད་གྲགས་ཆོད་པ། གནའ་ཉམས་རྒྱལ་སྲོལ་ན་གཞོན་ཚོའི་སེམས་ནང་གི་རྩེར་སོན་མཛེས་ཆོས་ལ་གྱུར་པ། རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་ཤིན་ཏུ་དོད་པ། གྲོང་ཁྱེར་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག་ཆ་ཧ་ཅང་དོད་པ། གངས་འཁྱགས་ལུས་རྩལ་གྱིས་དགུན་དུས་ཀྱི་སྤྲོ་སྣང་འཕེལ་བར་བྱས་པ། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ལས་ཀྲུང་ཧྭའི་རིག་གནས་ལ་དེ་བས་བཀྲག་མདངས་ལྡན་པའི་འོད་སྣང་འཚེར་ཡོད།
ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་མཉམ་སྤྱོད་བྱས་ཤིང་། ངས་བོད་ལྗོངས་དང་ཤིན་ཅང་དུ་ཕྱིན་ནས་རྟེན་འབྲེལ་བྱེད་སྒོར་ཞུགས་པ་ཡིན། གངས་ལྗོངས་ས་མཐོ་ནས་ཐེན་ཧྲན་རི་བོའི་ལྷོ་བྱང་བར། མི་རིགས་ཁག་གི་མང་ཚོགས་རྣམས་གཅིག་སེམས་གཅིག་སྒྲིལ་དང་། སེ་འབྲུའི་རྡོག་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཞིང་། ཚང་མས་དཀར་ཞིང་གཙང་བའི་ཁ་བཏགས་དང་སྤྲོ་སེམས་འཁོལ་བའི་གླུ་གར་ལ་བརྟེན་ནས། མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་བདེ་སྐྱིད་འཚོ་བར་གུས་བསྟོད་མཚོན་པར་བྱས་ཡོད། དམངས་ཀྱི་འཚོ་བར་དོན་ཆུང་ཟེར་བ་མེད། ཆུང་ཙག་ཐམས་ཅད་བརྩེ་བ་བཅངས་ནས་སྒྲུབ། འདས་ཟིན་པའི་ལོ་གཅིག་ནང་། གསར་དུ་ལས་ཀར་ཞུགས་པའི་ཚོགས་སྤྱིའི་ཁེ་དབང་ལ་འགན་སྲུང་སྔར་བས་ལྷག་པ་ཐོབ་པ་དང་། རྒན་འཕྲོད་སྒྱུར་བཀོད་ཀྱིས་རྒན་རྒོན་རྣམས་ལ་སྟབས་བདེ་བསྐྲུན་པ། བུ་གསོའི་ཁྱིམ་ཚང་ལ་ཟླ་རེར་ཁ་གསབ་སྒོར་300མང་དུ་ཕྱིན་ཡོད། ཇ་མར་ཚྭ་བུལ་དང་དུས་བཞིའི་ཐུན་གསུམ་ལྟོ་ཆས་ཀྱི་འཚོ་བ་ལས་ཁྱིམ་ཚང་ཆུང་ཆུང་རེ་རེའི་ཚ་སོབ་སོབ་ཀྱི་རྣམ་པ་མངོན་པ་དང་། ཀྲུང་གོའི་ཁྱིམ་ཚང་ཆེན་པོ་འདི་ཉིན་བཞིན་གྲ་རྒྱས་ཕུན་སུམ་ཚོགས་སུ་འགྲོ་བ་མངོན་ཡོད།
ང་ཚོས་མུ་མཐུད་བློ་རྒྱ་ཡངས་པོས་འཛམ་གླིང་ལ་ཕྱོགས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་བདེ་བླག་ངང་གཉེར་བ་དང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་གླིང་ཕྲན་ཡོངས་སུ་ཁྲལ་སྡོམ་ལས་གཉེར་བྱས་པ་རེད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་དེ་བས་ལེགས་པ་གཅོག་ཆེད། རང་རྒྱལ་གྱིས་རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་ཁྱབ་བསྒྲགས་བྱས་ཡོད། གྲོས་འགོ་ཆེན་པོ་གསུམ་གྱི་རྗེས། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ནས། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བ་ཡིན། དེང་གི་འཛམ་གླིང་ནི་འགྱུར་ལྡོག་དང་ཟང་ཟིང་སྣོལ་འདྲེས་སུ་གནས་ཤིང་། ས་ཁུལ་འགའ་རེར་སྔར་བཞིན་དམག་འཁྲུག་གི་དུ་ཞག་སྒྲིབ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་འཛམ་གླིང་ཞི་བདེ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
མི་རིང་བའི་གོང་། ང་རང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་ཡིན། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་སེམས་མཐུན་མཉམ་སྐྱོད་བྱེད་པ་དེ་ནི་མི་རྣམས་དགའ་འོས་པ་ཞིག་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཤང་ཀང་དང་ཨའོ་མོན་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་རྒྱབ་སྐྱོར་བྱས་ཏེ། ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་ཁྲག་གཅིག་ཏུ་འདྲེས་ཤིང་། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ནི་འགོག་ཐབས་མེད་པ་ཞིག་རེད།
ཏང་དར་རྒྱས་བྱུང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ། ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ང་ཚོས་ཁ་དན་ཚིག་གནས་ཀྱི་ཐོག་ནས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ། རུལ་སེལ་ཤ་སྐྱེས་ཀྱི་ཐོག་ནས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་བས། ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་སྤྲོས་པ་དང་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་ཡན་ཨན་གྱི“ས་ཕུག་གི་དྲི་བར”མུ་མཐུད་ལན་ཡག་པོ་འདེབས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་རྒྱུགས་ལན་འདེབས་དགོས།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་རེད། འགོ་རྩོམ་མཁན་གྱིས་གྲུབ་འབྲས་ཐོབ་པར་བརྩོན། བྱས་པ་ཅན་གྱིས་ཇུས་བཟང་སྔོན་ནས་འདིང་། ང་ཚོས་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཐོག་གདེང་ཚོད་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་ཏུ་གཏོང་བ། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།
ཕུགས་འདུན་ཆེན་པོར་སྙེག་སྐབས། ལམ་ཐག་རིང་བ་མ་ཚོར། མདུན་ལམ་ཀྱག་ཀྱོག་ཆེ་ཡང་། གོམ་ཞེང་ཆེན་པོས་སྐྱོད་ཆོག ང་ཚོས་རྟ་ཕོ་ལྕག་གིས་སྐུལ་བའི་དཔའ་སྟོབས་འཆང་བ་དང་། གྱི་ལིང་བང་རྩལ་འགྲན་པ་ལྟར་གྱི་གསོན་ཤུགས་འཕེལ་བར་བྱས་ཐོག་མཚམས་འཇོག་མེད་པར་མདུན་དུ་སྐྱོད་པའི་ཧུར་སེམས་མཐའ་འཁྱོངས་ཀྱིས་མཉམ་དུ་ཕུགས་འདུན་གྱི་ཆེད་དུ་འབད་འཐབ་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་འབུངས་བྱས་ཏེ། བརྗིད་ཆེའི་ཕུགས་འདུན་དག་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་བར་བྱེད་དགོས།
ལོ་གསར་པའི་ཉི་གཞོན་འཆར་ལ་ཉེ། མེས་རྒྱལ་གྱི་རི་ཀླུང་རྔམ་བརྗིད་མཛེས་སྡུག་ལྡན་པ་དང་། ས་གཞི་ཆེན་པོ་འབྱོར་ཕྱུག་དཔལ་དང་ལྡན་པ། ཀྲུང་ཧྭའི་ས་གཞིར་སྐྱེ་སྟོབས་གསོན་ཤུགས་རྒྱས་པ་བཅས་ཀྱི་སྨོན་འདུན་དང་། ལྷན་རྒྱས་ཐུགས་སེམས་སྤྲོ་པོ། མཛད་འཕྲིན་ལམ་ལྷོངས། བསམ་དོན་ལྷུན་གྲུབ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
འབྲེལ་ཡོད་གསར་འགྱུར།