ཞིང་ཁའི་ཐོན་འབབ་མཐོ་ལ་ལྗང་མདོག་ཡོང་བར་བརྩོན་ལེན་བྱེད་དགོས།
འབྲུ་རིགས་ཀྱི་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”རེད། ཇི་ལྟར་བྱས་ཏེ་ད་ཡོད་ཀྱི་རྨོ་ཞིང་ཐོག་འབྲུ་རིགས་ཀྱི་ཐོན་འབབ་དང་ཐོན་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཐོན་ཁུངས་བེད་སྤྱོད་ནུས་ལྡན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་ཕན་ཐོགས་པར་བྱེད་དགོས་སམ། དེ་ནི་རང་རྒྱལ་གྱིས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་དམིགས་དགོས་པའི་ཞིབ་འཇུག་བྱ་གཞི་ཞིག་རེད་ལ། ང་ཚོའི་ཚན་རིག་ཞིབ་འཇུག་ཚོགས་པས་དུས་ཡུན་རིང་པོར་འགག་སྒྲོལ་བྱེད་པའི་ཁ་ཕྱོགས་ཤིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། ང་ཚོས་ཧོ་པེའི་ཆུས་ཀྲོའུ་ཡི་ཐོན་ཚད་འབྲིང་དམའི་བ་ཚྭ་ཅན་གྱི་ས་ཞིང་ཐོག“ལྗང་མདོག་གི་འབྲུ་རིགས་ཏུན་གཅིག་དང་ཕྱེད་ཀ”ཡི་འཛུགས་གཏོད་ལས་གྲྭ་ལག་ལེན་བསྟར་ཡོད། ཞིབ་པར་བཤད་ན། ཐོན་ཁུངས་ཁོར་ཡུག་གི་རིན་དོད་མཐོ་རུ་མི་གཏོང་བ་དང་ཐ་ན་དམའ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ས་ཞིང་མུའུ་གཅིག་ནས་ལོ་གཅིག་འབྲུ་རིགས་འདེབས་འཛུགས་བྱས་པའི་ཐོན་ཚད་ཏུན་1.5ཡན་མཐོ་རུ་གཏོང་རྒྱུ་དེ་རེད།
2000ལོའི་ལོ་འགོར་ཆུས་ཀྲོའུ་རུ་སླེབས་སྐབས། ས་གནས་དེ་གའི་འབྲུ་རིགས་ཀྱི་ལོ་འཁོར་མོའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་700ཡས་མས་ལས་ཟིན་གྱི་མེད། ས་གནས་དེ་གའི་ཞིང་པས“ཆུ་ཐེངས་མང་གཏོང་བ་དང་། ལུད་མང་པོ་རྒྱག་པ། ཁ་རྨོད”བཅས་ཀྱི་རྨོ་སྟངས་ཡུན་རིང་སྤྱད་པའི་དབང་གིས་ས་རྒྱུ་བ་ཚྭ་ཅན་དང་སྨྱག་ས་ཚི་སྐམ་ལ་གྱུར་ནས་འབྲུ་རིགས་ཐོན་འཕར་ཡོང་རྒྱུ་ཁག་པོ་བྱུང་ཡོད།
གནས་ཚུལ་དེ་རིགས་ཀྱི་མདུན་དུ་ང་ཚོས་ས་རྒྱུ་ནས—ལོ་ཏོག་གི་མ་ལག་གནད་དོན་ཐག་གཅོད་ཐུབ་ཐབས་བྱས་པ་ཡིན། ཚོགས་པས་ཞིང་ནང་གི་འཐབ་ས་དང་པོར་ཡུན་རིང་གཞི་ཚུགས་ཏེ། ས་རྒྱུའི་འཚོ་བཅུད་མཁོ་འདོན་དང་རྩི་ཤིང་གི་འཚོ་བཅུད་བསྡུ་ལེན་བྱས་ཚུལ་ཟིན་ཐོར་བཀོད་ཡོད། ལག་རྩལ་གནད་སྨིན་དོན་འཁྱོལ་དང་འོད་དྲོད་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་ཆེད། ང་ཚོས“ལྗང་པ་གྲལ་འགྲིག་དང་། ལྗང་པ་སྟོབས་ཆེ། ལྗང་པ་དོ་སྙོམས”བཅས་ཀྱི་དམིགས་ཚད་དང་དེ་བཞིན་ས་ལུད་ཆུ་འདེབས་གཡོག་བྱེད་བཅས་ལ་དམིགས་ཏེ་ཕྱོགས་བསྡུས་ལག་རྩལ་གསར་བཅོས་བྱས་པ་ཡིན།
ཚོད་ལྟ་ཡང་ཡང་དང་འདུས་གྲུབ་ལེགས་སྒྱུར་བྱས་པ་བརྒྱུད། “དགུན་གྲོ—དབྱར་ཁའི་མ་རྨོས་ལོ་ཏོག་ལོ་འཁོར་འདེབས་འཛུགས་བྱེད་པ་དང་། ཞིང་ཆུ་འདྲེན་པ་དང་ལུད་རྒྱག་པ། རྩི་ཤིང་སྲུང་སྐྱོང་དང་གཡོག་བྱེད་བྱེད་པ་བཅས་རིམ་བཞིན་གཞི་གཅིག་ཏུ་གྱུར་ཡོད། ལག་རྩལ་དེ་ལས་ཞིང་ཆུ་འདྲེན་པའི་ཆུ་སྤྱོད་ཚད་ཇེ་ཉུང་དུ་ཕྱིན་ཡོད་ལ། འཚོ་བཅུད་དོ་སྙོམས་མཁོ་འདོན་བྱུང་སྟེ། ཐོན་འབབ་མཐོ་རུ་གཏོང་བ་དང་ས་ནུས་སླར་གསོ་བྱེད་པར་རྨང་གཞི་འདིང་ཡོད།
ན་ནིང་ཆུས་ཀྲོའུ་དཔེ་སྟོན་ཁུལ་གྱི་གྲོ་དང—མ་རྨོས་ལོ་ཏོག་ལོ་འཁོར་མོའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་1522ཟིན་པ་དང་དུས་མཚུངས་སུ་ཆུ་30%གྲོན་ཆུང་ཐུབ་པ་དང་། ལུད་20%གྲོན་ཆུང་ཐུབ་པ། ཏན་རྒྱུའི་གྱོང་གུན་ཕོག་ཚད་46%བར་དམའ་རུ་གཏོང་བ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། དེ་ཐོག་ནས་ལྗང་མདོག་དང་ཐོན་མཐོ་ནི་མཉམ་དུ་ཡོང་བར་བྱེད་མི་ཐུབ་པ་ཞིག་མིན་པར་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་ཐུབ་པ་མཚོན་གྱི་ཡོད།
ཞིང་ལས་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་དགོས་ན། ངེས་པར་དུ་ས་རྒྱུ་བདེ་ཐང་གི་གནད་དོན་ལ་དོ་སྣང་བྱེད་དགོས། ས་རྒྱུ་བེད་སྤྱོད་ལུགས་མཐུན་མ་བྱུང་བས། ས་ཁུལ་ཁ་ཤས་ཀྱི་ས་ཞིང་མུའུ་རེའི་ལོ་རེའི་ཐོན་ཚད་ངེས་ཅན་ཆག་པ་མ་ཟད། ད་དུང“གཏོང་ཆ་ཇེ་མང་དུ་འགྲོ་བ་དང་ས་ནུས་སྐྱོ་རུ་འགྲོ་བའི”ངན་འཁོར་གྱི་ཁྲོད་དུ་ལྷུང་སྲིད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ང་ཚོས“ལྗང་མདོག་གི་འབྲུ་རིགས་ཏུན་གཅིག་དང་ཕྱེད་ཀ”ཡི་བྱ་ཐབས་མུ་མཐུད་ཁྱབ་གདལ་གཏོང་རྒྱུ་ཡིན། ཧྭ་བྱང་ཀླུང་ཐང་གི་གྲོ་དང—མ་རྨོས་ལོ་ཏོག་རེས་འདེབས་མ་ལག་དང་། ནུབ་བྱང་སྤང་ལྗོངས་ཀྱི་མ་རྨོས་ལོ་ཏོག་མ་ལག ཅང་ཧོའེ་ཡི་ཆུ་འབྲས་དང—གྲོ་རེས་འདེབས་མ་ལག་བཅས་ལྟེ་བར་བྱས་པའི་ས་ཁོངས་ཀྱི་ལྷོ་བྱང་མཉམ་འགུལ་དང་ཤར་ནུབ་གསབ་རེས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་རྣམ་པ་ཞིག་གཏོད་རྒྱུ་ཡིན། དུས་མཚུངས་སུ་མི་ཐབས་རིག་ནུས་དང་། གཞི་གྲངས་ཆེན་པོ། ཟོག་འབྲེལ་དྲ་བ་སོགས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དེ་སོན་བཟང་འདེམས་གསོ་དང་། འདེབས་གསོ་གཡོག་བྱེད། ཆུ་ལུད་སྙོམས་སྒྲིག་སོགས་ལྷུ་ཚིགས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་རིག་ལྡན་ཞིང་ལས་མ་ལག་བཏོད་དེ། ས་ཞིང་ཚང་མར་གཡོག་བྱེད་ཡག་པོ་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན།
(རྩོམ་པ་པོ་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཏིང་ཡ་སུང་གིས་བཅར་འདྲི་ལེགས་སྒྲིག་བྱས)
འབྲེལ་ཡོད་གསར་འགྱུར།