རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ།
གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དགོས་གལ་ཆེ་བའི་གཏན་འཁེལ་རང་བཞིན་བསྣན་པ།
2025ལོར། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཁྲོད་མདུན་སྐྱོད་དང་། ཁ་ཕྱོགས་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་བས། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་ཐུབ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོས་གནས་ཚུལ་སྤེལ་བའི་ནང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་བྱེད་པར་འགོག་རྐྱེན་མང་བ་དང་ནུས་ཤུགས་འདང་ངེས་མེད་པའི་རྒྱབ་ལྗོངས་འོག ཀྲུང་གོའི་དཔལ་འབྱོར་གྱིས་བརྟན་བརླིང་གི་གཞི་རྩའི་ངོས་དང་། གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ། སྒོ་དབྱེའི་ཉམས་འགྱུར་བརྟན་པོ་བཅས་ལ་བརྟེན་ནས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དགོས་གལ་ཆེ་བའི་གཏན་འཁེལ་རང་བཞིན་བསྣན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་འགག་རྩའི་ནུས་པ་བཏོན་པ།
ཉེ་ཆར། འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ཀའོ་ཧྲེང་དང་ཏེ་དབྱིན་སོགས་རྒྱལ་སྤྱིའི་མ་འཇོག་སྒྲིག་གཞིས་2025ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་སོ་སོར་མཐོ་རུ་བཏང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་འགྲོ་བའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ་བཅས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེང་གི་ཧ་སག་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། ཀྲུང་གོའི་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་གོ་ལ་ཧྲིལ་པོར་ཁ་ཚ་དགོས་གཏུགས་ཀྱི་གཏན་འཁེལ་རང་བཞིན་བསྣན་ཡོད་ཅེས་བརྗོད། རྩོམ་ཡིག་ནང་ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་དྲངས་ནས། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཀྲུང་གོའི་ཚོང་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་4%འཕར་ནས་མཉེན་ཆ་ཆེན་པོ་མངོན་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་ཆེན་པོ་འཕྲད་ཀྱང་ཀྲུང་གོའི་ཕྱིར་གཏོང་ཐོན་རྫས་ཀྱི་གསར་གཏོད་རང་བཞིན་ཆེ་རུ་དང་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་ཆེ་རུ་ཕྱིན་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་བརྟན་པོ་ཡོང་བར་འགག་རྩའི་ནུས་པ་ཐོན་ཡོད་ཅེས་བརྗོད་པ་རེད།
ཡོ་རོབ་ཀྱི《དེང་རབས་ཕྱི་འབྲེལ》དྲ་ཚིགས་སུ་རྩོམ་ཡིག་སྤེལ་ནས། ཀྲུང་གོས་ནང་མཁོས་གཙོ་ཁྲིད་དང་། འཛད་སྤྱོད་ཀྱིས་སྐུལ་ཁྲིད། ནང་སྐྱེས་འཕར་སྣོན་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་དེ་བས་མང་བ་ཆགས་རྒྱུར་སྐུལ་འདེད་བཏང་བ་དང་བསྟུན་ནས། སྔོན་དཔག་བྱས་ན་2026ལོར་ཀྲུང་གོའི་དཔལ་འབྱོར་ཚད་མཐོའི་ཚན་རྩལ་དང་། རིག་ནུས་བཟོ་སྐྲུན། ལྗང་མདོག་ནུས་རྒྱུ། ཞབས་ཞུའི་འཛད་སྤྱོད་སོགས་ཁྱབ་ཁོངས་སུ་མངོན་གསལ་དོད་པོས་འཕར་རྒྱུ་རེད་ཅེས་བརྗོད་ཡོད།
གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་ཐོན་ལས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བ།
གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན། 2025ལོར། ཀྲུང་གོའི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མགྱོགས་མྱུར་མཉམ་འདྲེས་ཐུབ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་ལས་གསར་གཏོད་ཀྱི་སྒུལ་ཤུགས་མཐའ་འཁྱོངས་ཀྱིས་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་ནི་གཙོ་གནད་ལས་འགན་གྱི་གྲས་ཤིག་རེད།
དབྱིན་ཇིའི《དཔལ་འབྱོར་རིག་པ་བའི》དུས་དེབ་ཀྱིས་ཀྲུང་གོ་དེ་ཉིད་གསར་གཏོད་རྒྱལ་ཁབ་སྟོབས་ཆེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པར་དོ་སྣང་བྱས་ཏེ་དེ་ཁྲོད་རྒྱུ་རྐྱེན་འཚོལ་ཞིབ་བྱེད་ཀྱི་ཡོད། རྩོམ་ཡིག་ནང་ཀྲུང་གོས་རང་འགུལ་འཁོར་གཏོང་དང་གསར་གཏོད་སྨན་རྫས་ཀྱི་ལག་རྩལ་གསར་ཤོས་ཀྱི་ཁྱབ་ཁོངས་གཉིས་ལ་གང་མགྱོགས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཐོན་ལས་དེ་ཚོས་ཀྲུང་གོའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་རྒྱུ་རེད་ཅེས་བརྗོད་ཡོད། རྩོམ་ཡིག་ནང་ཀྲུང་གོའི་ལག་རྩལ་སྟོབས་ཤུགས་ཆེ་རུ་ཕྱིན་པ་དེ་གཙོ་བོ་ཀྲུང་གོས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་གྲུབ་འབྲས་ཐོན་ལས་ཅན་དང་ཁྲོམ་ར་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་ཀྱི་གསར་གཏོད་མ་ལག་དང་སྲིད་ཇུས་ཀྱི་སྐུལ་གཏོང་ནི་ཀྲུང་གོ་གསར་གཏོད་རྒྱལ་ཁབ་སྟོབས་ཆེན་གྱི་ཕྱོགས་སུ་སྐྱོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
མ་ལེ་ཞི་ཡའི《མཚོ་འགག་གསར་པའི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་ནས། ཀྲུང་གོས་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་སྒྲོམ་གཞི་དང་རྩིས་ནུས་ལས་ཕྱོད་སོགས་ཀྱི་ཐད་ཚད་བརྒལ་བྱུང་བ་དང་། མ་གནས་དེ་བས་དམའ་བར་བརྟེན་ནས་ནུས་པ་དེ་བས་ཆེ་བ་མངོན་འགྱུར་བྱུང་ཡོད། གསར་གཏོད་གྲུབ་འབྲས་དེ་ལས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྤྱོད་ཐུབ་པ་དང་དཔྱད་གཞིར་འཛིན་ཆོག་པའི་ལག་རྩལ་དང་ཐབས་ལམ་མཁོ་འདོན་བྱས་ཏེ་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད་ཡོད།
ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་ཁྱབ་ཁོངས་མང་པོའི་དབར་མཉམ་ལས་གཉིས་ཁེ་ཡོང་བར་སྐུལ་འདེད་བཏང་བ།
འཛམ་གླིང་དཔལ་འབྱོར་གྱི་གཏན་འཁེལ་མེད་པའི་རང་བཞིན་ཚབས་ཆེར་འགྲོ་བའི་མདུན་དུ་ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་སྒོ་དབྱེའི་ཁས་ལེན་དོན་ཐོག་ལ་འཁྱོལ་བ་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་པར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་མང་པོའི་དབར་མཉམ་ལས་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་གྲས་ཤིག་ལ་གཏན་འཁེལ་བྱས་ཡོད། ཟླ་12ཚེས་18ཉིན་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཁྲལ་སྡོམ་ལས་གཉེར་བྱེད་འགོ་ཚུགས་ཤིང་། འདི་ནི་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱ་ཐབས་ཤིག་ཡིན་པས། ཕྱི་ཕྱོགས་སྨྱན་སྦྱོར་གྱི་དོ་ཁུར་རྒྱ་ཁྱབ་ངང་ཐོབ་ཡོད།
ལུའུ་ཐོའུ་གསར་འགྱུར་ཁང་གིས་རིགས་གཅིག་མཁས་ཅན་གྱི་དཔྱད་གཏམ་དྲངས་ནས། ཧའེ་ནན་ནི་ཀྲུང་གོའི་ཟོག་འགྲེམས་དང་ཉོ་ཚོང་ལྟེ་གནས་ཡིན་པས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཁྲལ་སྡོམ་ལས་གཉེར་བྱེད་པ་ནི་ཀྲུང་གོས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱ་ཐབས་གསར་པ་ཞིག་རེད་ལ། ཀྲུང་གོས་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་པའི་གདམ་ག་ཞིག་ཀྱང་རེད་ཅེས་བརྗོད་ཡོད།
《ཐན་ཙན་ནི་ཡའི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་ནས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་དེ་གའི་དམིགས་བསལ་གྱི་སྲིད་ཇུས་ལེགས་ཆ་དང་། སྒོ་དབྱེའི་ཚོང་དོན་ཁོར་ཡུག དེ་བཞིན་སྣ་མང་གི་ཐོན་ལས་བཀོད་ཇུས་བཅས་ལ་བརྟེན་ནས་ཀྲུང་གོའི་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་གོ་ལ་ཧྲིལ་པོའི་རོགས་ཟླར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་གཏོད་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་སྤེལ་བའི་ནང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་ཉིད་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ཁྲོམ་ར་སྦྲེལ་མཐུད་བྱེད་པའི་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་པ་དེས་རྒྱལ་མཚམས་སྒྲོལ་བའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་དེ་བས་ནུས་ཆེའི་ལས་སྟེགས་གཏོད་རྒྱུ་ཡིན་པའི་ནན་བཤད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།