དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་རིམ་སྤེལ་བྱེད་སྒོ་མཇུག་འགྲིལ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-31

     ཚེས་27ཉིན། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀ་ཏ་མན་རྡུ་རུ་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་རིམ་སྤེལ་བྱེད་སྒོ་མཇུག་འགྲིལ་བའི་སྣེ་ལེན་ཚོགས་འདུ་དང“ཀྲུང་ཧྭའི་ཤེས་དཔལ་ལ་རྒྱུས་ལོན་གྱིས། ཀྲུང་ནེའི་རིག་གནས་སྤེལ་རེས་བྱེད་སྒོ”ཞེས་པ་འཚོགས་པ་རེད། ནེ་པ་ལའི་གྲོས་ཁང་འོག་མའི་དབྱི་ཀྲང་གཞོན་པ་དབྱིང་ཏི་ལཱ·ལཱ་ནཱ་དང་། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཀྲོའུ་ཕན། དེ་བཞིན་ཀྲུང་གོ་དང་ནེ་པ་ལའི་ལས་རིགས་ཁག་གི་སྐུ་མགྲོན་བཅས་མི་800ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ལཱ་ནཱ་ཡིས་ཤིས་ཚིག་སྒྲོན་སྐབས། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་། ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད། ནེ་པ་ལ་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་དང་འཐབ་ཇུས་རོགས་ཟླ་ཡིན་པའི་ངོས་ནས། ཀྲུང་གོ་དང་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། “ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ང་ཚོར་རྒྱབ་སྐྱོར་དང་སེམས་བཟང་བཅངས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་བརྩེ་མུ་མཐུད་ཟབ་ཏུ་གཏོང་རྒྱུ་དེ་སྲིད་གཞུང་གི་རིམ་པ་ཙམ་མ་ཟད། དམངས་ཁྲོད་ཀྱི་རིམ་པར་ཡང་ཁྱབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།

    ད་ཐེངས་ཀྱི་བྱེད་སྒོ་ནི་འཛམ་གླིང་ཤེས་བྱ་དཔེ་སྐྲུན་ཁང་གིས་སྤེལ་བའི་དུས་ཡུན་ཉིན་གསུམ་གྱི“ཀྲུང་ཧྭའི་ཤེས་དཔལ་ལ་རྒྱུས་ལོན་གྱིས། ཀྲུང་ནེའི་རིག་གནས་སྤེལ་རེས་བྱེད་སྒོའི”ཉིན་དང་པོའང་ཡིན་ཞིང་། ཀྲུང་གོ་ནས་ཡོང་བའི་འཁྲབ་སྟོན་པས་ངོ་མཚར་ཆེ་བའི་ཐང་རྒྱལ་རབས་ཀྱི་ཞབས་བྲོ་དང་། ཆིན་ཆང་ཁྲང་ཞི། རྔ་བོ་ཆེའི་རོལ་དབྱངས་སོགས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དང་དབྱིངས་ཞུགས་རྣམ་པའི་རྟོག་བཟོའི་དངོས་ཡོད་ཉམས་ལེན་བཀོད་སྒྲིག་བྱས་ནས། ལྟ་སྐོར་བར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་རེད།

    ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱིས་ད་ལོ་ཚུན་དུ་གློག་བརྙན་ཉིན་མོ་དང་། པར་རིས་འགྲེམས་སྟོན། རིག་གནས་གཟའ་འཁོར། རྒྱ་ཡིག་བསྟི་ཁང་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།