པཎ་ཆེན་རིན་པོ་ཆེས་བོད་ལྗོངས་སུ་སློབ་སྦྱོང་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གྲུབ་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་28 ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་སློབ་སྦྱོང་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཕུན་སུམ་ཚོགས་པོའི་ངང་སྤེལ་གྲུབ་པ་རེད།
བོད་དུ་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་། སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན། བོད་སྨན་གྱི་བྱ་གཞག་འཕེལ་རྒྱས་བཅས་ཀྱི་སྐོར་མཁྱེན་རྟོགས་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ད་དུང་དིང་རི་རྫོང་དུ་ཕེབས་ནས་དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐོར་ལ་མཁྱེན་རྟོགས་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་བཀྲས་ལྷུན་དགོན་དུ་དུས་འཁོར་དབང་ཆེན་གྱི་ཆོས་ཕྱོགས་མཛད་སྒོ་སྤེལ་གནང་བ་དང་། ཁྲི་གསོལ་ཞུས་ནས་ལོ་ངོ་30འཁོར་བའི་དྲན་གསོའི་ཚོགས་ཆེན་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། པཎ་ཆེན་རིན་པོ་ཆེ་ཁྲི་གསོལ་ཞུས་ནས་ལོ་ངོ་30ཡི་རིང་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་ནང་ཆོས་ཀྱི་ཉམས་རྟོགས་ཉིན་རེ་བཞིན་ཟབ་ཏུ་སོང་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་དད་གུས་ཆེན་པོ་ཐོབ་སྟེ་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་དུལ། བོད་ལྗོངས་བརྟན་ལྷིང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།
པཎ་ཆེན་རིན་པོ་ཆེས་ད་དུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་ཚོགས་འདུ་རབ་དང་རིམ་པ་གཙོ་སྐྱོང་གནང་བ་དང་། ལྷ་ལྡན་གཙུག་ལག་ཁང་སོགས་དགོན་སྡེར་འཚམས་འདྲིར་ཕེབས་ནས་བོད་བརྒྱུད་ནང་བསྟན་ལས་རིགས་དང་བཞུགས་མོལ་སྤེལ་རེས་རྒྱ་ཁྱབ་ངང་གནང་བ་རེད། པཎ་ཆེན་རིན་པོ་ཆེས་རྒྱ་ཆེའི་གྲྭ་དམངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་ཧུར་ཐག་ཞུགས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པ། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་པ་བཅས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ལེགས་པ་འདོན་དགོས་པའི་ལྕག་སྐུལ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།