གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་བསླེབ་པར་ཤུགས་སྣོན་རྒྱག་པར”དམིགས་ནས། ཉིན་ཤས་བསྟུད་མར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག རྒྱལ་ཁབ་སྤྱི་གླིང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་འཆར་འགོད་བཟོ་བའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ནས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཆུ་ཚད་མཐོ་པོའི་དོ་དམ་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གཙང་གསུམ་ཆུ་འགོའི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་གནས་བབ་དང་སྐྱེ་ཁམས་རིན་ཐང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་སྤྱིའི་བླང་བྱ་དང་འཐབ་ཇུས་གཙོ་གནད་ལ་སྦྲེལ་མཐུད་དམ་ཟབ་བྱས་ཐོག གཙང་གསུམ་ཆུ་འགོ་སྲུང་སྐྱོང་དོ་དམ་གྱི་དོན་དངོས་ལ་གཞི་ཚུགས་ནས་འཐབ་ཇུས་ཀྱི་མིག་རྒྱང་དང་། ཁྱོན་ཡོངས་ལ་བསམ་གཞིགས། ཚན་རིག་དང་མཐུན་པའི་སྤྱོད་ཚུལ་བཅས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྤུས་ཚད་མཐོ་པོས་བཟོས་ཏེ། རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་དམིགས་ཚད་དང་། གཙོ་གནད་ལས་འགན། གལ་ཆེའི་རྣམ་གྲངས་བཅས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་གོམ་སྟབས་གཅིག་གྱུར་དང་སྦྲེལ་མཐུད་དམ་ཟབ་ཡོང་བའི་འགན་ལེན་བྱས་པ་རེད།
ཞིང་ཆེན་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ནང་རང་འགུལ་ངང་མཉམ་འདྲེས་བྱས་ཤིང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མཚོ་སྔོན་ལྷོ་རྒྱུད་ཚོད་ལྟའི་ཁུལ་གཏོད་པའི་འཛུགས་སྐྲུན་འཆར་འགོད་དང་སྦྲེལ་མཐུད་ཧུར་ཐག་བྱས་ཐོག གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དམིགས་ཚད་དང་མཐུན་པའི་སྐྱེ་ཁམས་ཡུལ་སྐོར་དོ་དམ་བྱེད་ཐབས་བཟོས་ཏེ། ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་གྱིས། “རི་སྔོ་ཆུ་དྭངས”དེ་དམངས་ཕན་འབབ་འཕར་གྱི“གསེར་རི་དངུལ་རིར”རྒྱུན་མཐུད་སྒྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།