མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ལྡན་རང་བྱུང་སློབ་གསོའི་མ་ལག་བཙུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་རང་ཡུལ་ཅན་གྱི་རང་བྱུང་སློབ་གསོའི་ཞབས་ཞུའི་ཚད་གཞི་བཟོས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས་གཉིས་ཀ་ལྡན་པ་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཐུབ་པའི་རང་བྱུང་སློབ་གསོའི་གསར་གཏོད་མ་ལག་ཅིག་ཆགས་རྒྱུར་རམ་འདེགས་བྱས་ཏེ“སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ཚད་ལྡན་དང་སྲོལ་མཐུན། རྩ་འཛུགས་ཀྱི་འདེགས་སྐྱོར”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་པ་རེད།
མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ཏེ་འབྲེལ་ཡོད་ཀྱི་ངེས་བཟུང་ཕྱོགས་སྟོན་སྒྲིག་སྲོལ་དང་ཚད་གཞི་བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ནགས་ཚལ་སློབ་ཚོགས་ཀྱི་རང་བྱུང་སློབ་གསོའི་ཆེད་དོན་ཨུ་ལྷན་བཙུགས་ནས་མཚོ་སྔོན་གྱི་རང་བྱུང་སློབ་གསོའི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་བཅས་དང་ཆབས་ཅིག རྒྱལ་ཁབ་སྤྱི་གླིང་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་དང་། རང་བྱུང་རྟེན་མཛོད་ཁང་། མཐོ་སློབ་དང་ཚན་ཞིབ་ལས་ཁུངས་ཀྱི་དངོས་དཔེ་ཁང་། དེ་བཞིན་ཚོད་ལྟ་ཁང་དང་སྐྱེ་ཁམས་སློབ་གྲྭ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། “མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་སློབ་ཚན་ཇུས་འགོད་འགྲན་བསྡུར་ཆེན་པོ་སྟེ། དྲ་ཐོག་གི་སློབ་ཚན་མཉམ་སྤྱོད”ཐུབ་པ་སོགས་རང་བྱུང་སློབ་གསོའི་སྤུས་རྟགས་རབ་དང་རིམ་པ་བཏོད་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་སྐྱེ་ཁམས་སློབ་གྲྭ་23བཙུགས་པ་དང་ཧྲང་ཧའེ་རུ“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སློབ་གྲྭ”1བཙུགས་ཏེ། “སློབ་གྲྭའི་ནང་གི་སྐྱེ་ཁམས་སློབ་ཚན་དང་བྱེད་སྒོ་ཟུང་དུ་འབྲེལ་བ་དང་སློབ་གྲྭའི་ཕྱི་རོལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་འཚོལ་ཞིབ་དང་ལག་ལེན་ཟུང་དུ་འབྲེལ་བའི”རང་བྱུང་སློབ་གསོའི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གིས་གསའ་ལིང་ཞའོ་ཀྲི་ཡི“དྲ་ཐོག་དྲགས་ཅན”གྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ཡུལ་སྐོར་བ་དུས་མཚུངས་ལས་59.65%འཕར་བ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་གིས་ལོ་རེར་མི་ཐེངས་ཁྲི་8ལ་སྣེ་ལེན་ཞུས་ཡོད་པ་རེད།
དེའི་རྨང་གཞིའི་ཐོག་མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། ཞིང་ཆེན་སློབ་གསོ་ཐིང་སོགས་ཚན་པ་9ཡིས་མཉམ་ལས་གྲོས་མཐུན་བཞག་སྟེ“གཙོ་གཉེར་སྡེ་ཚན་གྱིས་གཙོ་ཁྲིད་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཞུགས་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་རྒྱ་ཁྱབ་བྱེད་པ”བཅས་ཀྱི་སྣ་མང་འཕེལ་རྒྱས་ཀྱི་རྣམ་པ་བཏོད་དེ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ནང་གི་ཆེད་ལས་སྒྲིག་གཞི་དང་། ཚན་ཞིབ་ཁང་། འབྲེལ་ཡོད་ཁྱབ་ཁོངས་བཅས་ཀྱི་རྒྱལ་ནང་གི་རྩེར་སོན་མཁས་དབང་བཅུ་གྲངས་དང་མཉམ་དུ་རང་བྱུང་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་སྤུས་ཚད་མཐོ་བའི་གྲོས་འགོ་འདོན་པའི་རིག་མཛོད་ལས་སྟེགས་བསྐྲུན་པ་མ་ཟད། ད་དུང་བྱེད་སྒོའི་ཤུགས་རྐྱེན་མུ་མཐུད་ཆེ་རུ་བཏང་ནས་མིག་སྔར་ཁྱད་ལྡན་སློབ་ཚན་11དང་དེ་བཞིན་བསླབ་གཞི་རབ་དང་རིམ་པ་གསར་སྤེལ་གྱིས“སྤྲིན་ཚོམ་རང་བྱུང་སློབ་ཚན”བཏོད་པར་མི་ཐེངས་ཁྲི་5.5ལ་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།