དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཆུ་མཁོ་འདོན་རྣམ་གྲངས་ལས་ང་ཚོའི་འཚོ་བའི་རྣམ་པ་གསར་རྐྱང་དུ་གྱུར་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2025-12-30

    འདི་ནི་ཐུའོ་པི་ཡ་ཞི·མན་ཀོ་ལའེ་ཡིས་ཞིང་ཆུ་གཏོང་བཞིན་པ།

    ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་ལ“ཀྲུང་གོ་གློག་ཤུགས་འཛུགས་སྐྲུན”ཞེས་བསྡུ་རྒྱུ)བསྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡ་པན་ཀུའུ་ལུའོ་ཆུ་མཁོ་འདོན་རྣམ་གྲངས་ལས་ཏ་རེ་སི་ས་ལམ་ལྷོ་རྒྱུད་ཀྱི་ས་ཁོངས་མང་པོ་ཞིག་དང་དེ་བཞིན་ཐག་རིང་གྲོང་ཚོར་ཕན་པ་བསྐྲུན་ཏེ། ཡུལ་དེའི་གྲོང་མི་ཁྲི་45ལ་དྭངས་གཙང་བདེ་འཇགས་ཀྱི་འཚོ་བའི་འཐུང་ཆུ་སྤྱོད་རྒྱུ་བྱུང་ཡོད། ཐན་ཙན་ནི་ཡ་ཆུ་བེད་པུའི་པུའུ་ཀྲང་ཨ་ཝེ་སུའོ་ཡིས“པན་ཀུའུ་ལུའོ་ཆུ་མཁོ་འདོན་རྣམ་གྲངས་ཀྱིས་ས་གནས་དེ་གའི‘ཆུ་དཀོན་པའི’གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཐན་ཙན་ནི་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྔར་བས་རམ་འདེགས་ཀྱང་ཐུབ་ཡོད”ཅེས་བརྗོད།

    “ཆུ་མཁོ་འདོན་གྱི་རྣམ་གྲངས་ནི་རྒྱལ་ཕན་དམངས་ཕན་གྱི་དམངས་འཚོའི་རྣམ་གྲངས་ཤིག་རེད”

    2024ལོའི་ཟླ་བ་དང་པོར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱིས་པན་ཀུའུ་ལུའོ་ཆུ་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་སྤེལ་འགོ་བཙུགས་ཤིང་། རྣམ་གྲངས་དེས་ཆུ་འཐེན་ས་ཚིགས་བསྐྲུན་ནས་ཏ་རེ་སི་ས་ལམ་བྱང་རྒྱུད་ཀྱི་ཅི་པན་པ་ས་ཁུལ་གྱི་ཆུ་ལྷོ་རྒྱུད་ཀྱི་པན་ཀུའུ་ལུའོ་རི་བོའི་ཕྱོགས་སུ་འདྲེན་རྒྱུ་མ་ཟད། ད་དུང་སྤྱི་ལེ་20ལྷག་ཙམ་གྱི་ལམ་ཐིག་གཙོ་བོ་དང་སྤྱི་ལེ་87གྱི་མདོང་དྲར་བརྟེན་ནས་ཏ་རེ་སི་ས་ལམ་གྱི་ལྷོ་རྒྱུད་ས་ཁོངས་སུ་ཆུ་འདྲེན་རྒྱུ་རེད། རྣམ་གྲངས་དེ་ལག་ལེན་བསྟར་བའི་དམིགས་ཡུལ་ནི་ས་གནས་དེ་གའི་གྲོང་མིར་ཆུ་ཚོད་24ཡི་རིང་ཆུ་མི་ཆད་པར་མཁོ་འདོན་ཐུབ་ཆེད་རེད།

    “ཆུ་མཁོ་འདོན་རྣམ་གྲངས་ནི་རྒྱལ་ཕན་དམངས་ཕན་གྱི་དམངས་འཚོའི་རྣམ་གྲངས་ཤིག་རེད”རྣམ་གྲངས་གཙོ་གཉེར་ཕྱོགས་ཏ་རེ་སི་ས་ལམ་གྱི་ཆུ་འབུད་ཅུས་ཀྱི་འཐུས་མི་ཁ་ཁེ་ཝེ་ཆི་ཡིས། འཐུང་ཆུ་གཙང་མ་མཁོ་འདོན་བྱས་ཚེ་བཤལ་ནད་སོགས་ཀྱི་ནད་རིགས་ཐོན་ཚད་ཉུང་དུ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་གི་ཁུར་པོ་ཡང་དུ། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་བཅས་གཏོང་ཐུབ་ཅེས་བརྗོད།

    ཏ་རེ་སི་ས་ལམ་གྱི་ལྷོ་རྒྱུད་ས་ཁོངས་རྒྱ་མཚོའི་འགྲམ་དུ་གནས་པས་ས་འོག་གི་ཆུའི་ནང་ཚྭ་འདུས་ཚད་མཐོ་པོ་ཡོད། དེ་གོང་ས་གནས་དེ་གའི་ཞིང་པས་གཙོ་བོ་གནམ་ཆུ་སྒུག་དགོས་པས་ཞིང་ལས་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཆུ་མཁོ་འདོན་རྣམ་གྲངས་ལག་ལེན་བསྟར་རྗེས་ཞིང་ཆུ་འགན་ལེན་ཐུབ་པ་དང་རྒྱ་ཁྱོན་མུའུ་7ཙམ་གྱི་ཞིང་ར་ཆུང་གྲས་སུ་ཐུའོ་པི་ཡ་ཞི·མན་ཀོ་ལའེ་ཡིས་ཞོག་ཁོག་མངར་མོ་དང་མ་རྨོས་ལོ་ཏོག་སོགས་འདེབས་འགོ་ཚུགས་པས་ཁྱིམ་ཚང་གི་ཡོང་འབབ་ཅུང་མཐོ་རུ་སོང་ཡོད། “དེ་སྔོན་ཆུ་དཀོན་པས་ལོ་ཏོག་ཡག་པོ་སྐྱེ་ཐུབ་ཀྱི་མེད། ད་ཆ་ངའི་ཞིང་རས་རང་ཁྱིམ་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཀྱང་མང་དུ་སོང་ནས་འཚོ་བ་ལེགས་སུ་ཕྱིན་སོང” ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་མཁོ་འདོན་རྣམ་གྲངས་ལག་ལེན་བསྟར་རྗེས་མདོང་དྲ་ཁྱབ་པའི་ས་ཁོངས་སུ་ཞིང་ར་མང་པོ་གསར་དུ་བསྣན་པས། མཐའ་འཁོར་གྱི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    “རྒྱལ་ཁབ་ཀྱི་ཆུ་མཁོ་འདོན་མ་ལག་གྲངས་འཛིན་ཅན་དང་རྒྱུན་མཐུད་ཆོག་པའི་བར་བསྒྱུར་རྒྱུར་སྐུལ་འདེད་བཏང་བ”

    ད་ལོའི་ཟླ་དང་པོར། ཆུ་མཁོ་འདོན་རྣམ་གྲངས་དངོས་སུ་བསྐྲུན་ནས་ཉིན་རེར་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1.2ཟིན་ཡོད། ཆུ་མཁོ་འདོན་གྱི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་འགན་ལེན་བྱ་ཆེད། རྣམ་གྲངས་ཚོགས་པས་གྲངས་གཞི་བསྡུ་རུབ་དང་ལྟ་སྐུལ་ཚོད་འཛིན་མ་ལག་སྤྱད་དེ་ཆུ་མཁོ་འདོན་མ་ལག་ལ་སྐབས་བསྟུན་ལྟ་སྐུལ་ཚོད་འཛིན་དང་གཅིག་སྡུད་དོ་དམ་བྱེད་ཀྱི་ཡོད་པ་རེད།

    གསར་འགོད་པས་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་གཞོན་པ་དབྱིན་ཙི་ཧྥེ་དང་མཉམ་དུ་ཅི་པན་པ་ས་ཁུལ་དུ་ཡོད་པའི་ཆུ་འཐེན་ས་ཚིགས་སུ་བསྐྱོད། དབྱིན་ཙི་ཧྥེ་ཡིས་གཅིག་སྡུད་ཚོད་འཛིན་ལྟེ་གནས་ཀྱི་འཕྲིན་གཏོང་དོ་དམ་འཕྲུལ་ཆས་ཁ་འབྱེད་སྐབས། གྲངས་གཞི་མང་པོས་རྣམ་གྲངས་དེ་ཁྱབ་པའི་ས་ཁོངས་ཀྱི་ཉིན་མོ་རེ་དང་གཟའ་འཁོར་རེ་ཐ་ན་ཟླ་རེའི་ཆུ་སྤྱོད་ཚད་དང་དེ་བཞིན་མིག་སྔའི་སྒྲིག་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་ཟིན་ཐོར་བཀོད་ཡོད་པ་རེད།

    ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱིས་ཐན་ཙན་ནི་ཡ་རུ་བསྐྲུན་པའི་ཆུ་མཁོ་འདོན་རྣམ་གྲངས་མང་པོ་ཞིག་ལ་གྲངས་འཛིན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ནས། ས་གནས་དེ་གའི་ཆུ་དོན་རིག་ལྡན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད། དབྱིན་ཙི་ཧྥེ་ཡིས“མིག་སྔར་མ་ལག་དེ་ཀྲུང་གོར་ཅུང་ཚགས་ཚུད་ཅིང་། ཐན་ཙན་ནི་ཡ་རུ་སྤྱོད་མང་དུ་འགྲོ་བཞིན་ཡོད། ང་ཚོས་ས་གནས་དེ་གའི་ལས་བཟོ་གཅིག་སྡུད་གསོ་སྦྱོང་བྱས་ཏེ་ལས་དོན་པ་དང་གཙོ་གཉེར་མཁན་གྱིས་སྤྱོད་སྟངས་མ་ཤེས་བར་སྦྱོང་རྒྱུའི་བཀོད་སྒྲིག་བྱེད་ཀྱི་ཡིན”ཞེས་བརྗོད།

    “ཁོང་ཚོས་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་རྩལ་ནུས་དག་བུམ་པ་གང་བྱོའི་ཚུལ་དུ་བསླབས་བྱུང”

    ད་ལོ་ལོ་27ལ་སླེབས་པའི་ཉི་ཡུང་མུའུ་ནི་རྣམ་གྲངས་ཀྱི་མཐོ་རིམ་འཕྲུལ་གློག་ལག་རྩལ་བཟོ་པ་ཞིག་ཡིན། 2021ལོར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱི་ལས་ཀ་བྱས་པ་ནས་བཟུང་རྣམ་གྲངས་མང་པོའི་འཛུགས་སྐྲུན་ནང་ཞུགས་ཡོད་པ་རེད།

    རྣམ་གྲངས་ཀྱི་ཅིང་ལི་ཅིན་ཏེང་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་ཕྱོགས་ཡོངས་ཀྱི་གསོ་སྦྱོང་གསོ་སྐྱོང་མ་ལག་བཙུགས་པ་དང་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་རྐང་འཛིན་པས་ས་གནས་དེ་གའི་ལས་བཟོའི་སྣེ་ཁྲིད་དེ་མདོང་ལམ་ལ་ཚ་ལ་རྒྱག་སྟངས་དང་། ཆུ་འཐེན་འཕྲུལ་འཁོར་སྤྱོད་སྟངས། སྒྲིག་ཆས་ཉམས་གསོ་བྱེད་སྟངས་སོགས་ཀྱི་རྩལ་ནུས་དམར་ཁྲིད་བྱས་པས“རྣམ་གྲངས་གཅིག་བསྐྲུན་རྗེས་དཔུང་ཁག་ཅིག་ལ་སྣེ་ཁྲིད་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ཁ་ཁེ་ཝེ་ཆིས། ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་། ཆེད་ལས་ཀྱི་ལག་རྩལ། དོ་དམ་གྱི་ཆུ་ཚད་བཅས་ལ་བརྟེན་ནས་ཨར་ལས་ཀྱི་དཀའ་གནད་མང་པོ་ཁྱད་བསད་བྱས་ཏེ། ཨར་ལས་ཀྱི་བདེ་འཇགས་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་པ་མ་ཟད། ཁ་ཆད་ལག་བསྟར་བྱས་པས་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་བཏོད་ཡོད། “ཐན་ཙན་ནི་ཡའི་ཆུ་བེད་ལས་གྲྭ་གཙོ་བོ་ཡིན་པའི་པན་ཀུའུ་ལུའོ་ཆུ་མཁོ་འདོན་རྣམ་གྲངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ས་ཁོངས་ཆུ་མཁོ་འདོན་གྱི་འགན་སྲུང་ནུས་པ་དང་ཆུའི་སྤུས་ཚད་བདེ་འཇགས་ཆེ་རུ་བཏང་སྟེ། གྲོང་མིར་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་སྐྲུན་ཡོད། ཀྲུང་གོའི་ཁེ་ལས་དང་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།