ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱིས་དམག་མཚམས་འཇོག་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ཐོག་མིང་རྟགས་བཀོད་པའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱིས་དམག་མཚམས་འཇོག་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ཐོག་མིང་རྟགས་བཀོད་པའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
གསར་འགོད་པས་དྲིས་དོན། ཟླ་12ཚེས་27ཉིན་ཁམ་ཕུ་ཁྲེ་དང་ཐེ་ལན་གྱིས་མཐའ་མཚམས་སྤྱི་ཁྱབ་ཨུ་ལྷན(GBC)གྱི་དམིགས་བསལ་ཚོགས་འདུའི་ཐོག་དམག་མཚམས་འཇོག་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ཐོག་མིང་རྟགས་བཀོད་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
མགྲིན་ཚབ་པས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱིས་དམག་མཚམས་འཇོག་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ཐོག་མིང་རྟགས་བཀོད་པར་དགའ་བསུ་ཞུ་རྒྱུ་ཡིན། དེའི་ཐོག་ནས་གླེང་མོལ་དང་གྲོས་མོལ་ནི་རྙོག་འཛིང་ཆེ་བའི་རྩོད་གཞི་སེལ་བའི་ཕན་ཡོད་ཀྱི་བྱ་ཐབས་ཤིག་རེད། ཀྲུང་གོ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་ཀྱང་དེའི་ཐད་མཉམ་དུ་འབད་བརྩོན་བྱས་པ་མཚོན་གྱི་ཡོད།
མགྲིན་ཚབ་པས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་ཐེ་ལན་ཕྱོགས་གཉིས་པོས་སྔར་བས་ཕྱོགས་ཡོངས་དང་ཞིབ་ཕྲའི་འབྲེལ་གཏུག་བྱེད་པར་མུ་མཐུད་ལས་སྟེགས་མཁོ་འདོན་དང་ཆ་རྐྱེན་བསྐྲུན་འདོད་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཟླ་12ཚེས་28དང་ཚེས་29ཉིན་ཡུན་ནན་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་པུའུ་ལཱ་སུའོ་ཁུན་དང་ཐེ་ལན་ཕྱི་འབྲེལ་པུའི་པུའུ་ཀྲང་ཤིས་ཧ་སཱ་དང་མཇལ་འཛོམས་གནང་རྒྱུ་ཡིན་ཞིང་། སྐབས་དེར་རྒྱལ་ཁབ་གསུམ་པོའི་དམག་ཕྱོགས་ཀྱི་འཐུས་མི་ཡང་ཞུགས་རྒྱུ་རེད།
“ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱིས་དམག་མཚམས་འཇོག་པའི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་དབར་གྱི་འགྲོ་འོང་སླར་གསོ་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་དབར་གྱི་ཡིད་ཆེས་སླར་གསོ་བྱེད་པ། ཕན་ཚུན་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བ། ས་ཁུལ་གྱི་ཞི་བདེར་སྲུང་སྐྱོང་བྱེད་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན”ཞེས་མགྲིན་ཚབ་པས་བརྗོད།
འབྲེལ་ཡོད་གསར་འགྱུར།