ནུས་རྒྱུ་གསར་པའི་མ་ལག་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ།
ནུས་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད་ལ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོའང་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ནུས་རྒྱུའི་ལྟོ་ཕོར་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་དང་། “ནུས་རྒྱུ་གསར་པའི་མ་ལག་མགྱོགས་མྱུར་སྐྲུན་རིང་། སྲོལ་རྒྱུན་ནུས་རྒྱུ་དང་ནུས་རྒྱུ་གསར་པའི་ནུས་མང་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་ཐུབ་པར་མཐོང་ཆེན་བྱེད་དགོས”ཞེས་གསུངས་ཡོད།
ལོ་མཇུག་ཏུ་སླེབས་པས། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ཉིང་ཞ་ཐེང་ཀེ་ལིའི་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་སུ་ནུས་རྒྱུ་གསར་པའི་རྟེན་གཞིའི་རླུང་གློག་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད། ད་ལོའི་ཟླ་10པར། རྟེན་གཞིའི་ཆན་ཝ་ཁྲི་300ཟིན་པའི་འོད་ཤུགས་གློག་ཁང་ཁག་དང་པོའི་གློག་འདོན་འཕྲུལ་འཁོར་ཡོངས་ནས་གློག་གཏོང་འགོ་ཚུགས་པ་དང་། འོད་ཤུགས་ཤེལ་ལེབ་ཁྲི་640ལྷག་ཙམ་བྱེ་ཐང་དུ་སྒྲིག་སྦྱོར་བྱས་པ་དེ་ནི་སྔོ་ལྟེམ་མེར་འཁྱིལ་བའི་རྒྱ་མཚོ་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས།
ནུས་རྒྱུ་གསར་པའི་རྟེན་གཞི་བསྐྲུན་ཟིན་ཡང་། ལྗང་གློག་ཇི་ལྟར་གཏོང་དགོས་པ་དང་གང་འདྲ་བྱས་ནས་བེད་སྤྱོད་ཡག་པོ་བྱེད་དགོས་སམ། ད་ལོ་གཏོང་འགོ་ཚུགས་པའི་ཉིང་ཞ་ནས་ཧུའུ་ནན་བར་གྱི་ཆེས་མཐོ་གནོན་ལས་གྲྭའི་སྤྱིའི་རིང་ཚད་ལ་སྤྱི་ལེ་1600ལྷག་ཙམ་ཟིན་པ་དང་། སྐར་ཆ་0.0054ཙམ་ལས་མ་འགོར་བར་ཧུའུ་ནན་དུ་ལྗང་གློག་མྱུར་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
ཉིང་ཞ་ལ་ཆ་མཚོན་ན། ནུས་རྒྱུ་གསར་པ་བསྡུ་ལེན་བྱེད་པའི་ཐབས་ལམ་དེ་བས་མང་པོ་ཡོད་པས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་ཡོད། ཉིང་ཞ་ནས་ཧུའུ་ནན་བར་གྱི་ཆེས་མཐོ་གནོན་ལས་གྲྭ་དེ་ནི་ཉིང་ཞ་ཡི་གློག་ཕྱིར་གཏོང་གི་བགྲོད་ལམ་གསུམ་པ་དེ་ཡིན་པ་དང་། ལྷན་སྦྱར་གློག་ཁུངས་ནུས་རྒྱུ་གསར་པའི་གློག་འདོན་བསྡུར་ཚད་70%ལས་བརྒལ་ཡོད། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ཉིང་ཞ་ཐེང་ཀེ་ལིའི་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞིར་འོད་ཤུགས་ཤེལ་ལེབ་གྲལ་སྟར་བསྒྲིགས་པ་དང་། ཆུ་གྲོན་ཆུང་དང་ཐིགས་ཆུ་གཏོང་བའི་སྒྲིག་ཆས་བསྒར་བ། སྡོང་ཕྲན་འདེབས་འཛུགས་སོགས་ཀྱི་བྱ་ཐབས་བརྒྱུད། སྔོ་ཁེབས་ཁྱབ་ཚད་0.5%ཡང་མ་ཟིན་པ་ནས་20%བར་མང་དུ་ཕྱིན་ཡོད་པ་རེད།
བྱེ་འཇགས་དང་སྔོ་ལྗང་མང་དུ་གཏོང་བའི་ནུས་རྒྱུ་གསར་པའི་རྟེན་གཞི་དང་། བདེ་འཇགས་དང་ནུས་ཆེའི་ཆེས་མཐོ་གནོན་ལས་གྲྭ་ནི་ནུས་རྒྱུ་གསར་པའི་མ་ལག་ཚ་ཚ་འུར་འུར་ངང་སྐྲུན་པའི་བསྡུས་རིས་ཤིག་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་ནུས་རྒྱུ་སྣ་མང་མཁོ་སྤྲོད་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འགྱུར་རྡོ་མིན་པའི་ནུས་རྒྱུ་འཕེལ་རྒྱས་མྱུར་པོ་ཕྱིན་པ། འགྱུར་རྡོའི་ནུས་རྒྱུ་གཙང་མ་ནུས་ཆེའི་སྒོ་ནས་སྤྱོད་པར་སྐུལ་འདེད་མགྱོགས་པོ་ཐེབས་ནས། ཐོན་ལས་གསར་པ་དང་། རྣམ་པ་གསར་པ། ལས་རྣམ་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།
ལྗང་མདོག་འཕེལ་རྒྱས་དང་བསྟུན་ནས་མདུན་དུ་བསྐྱོད་དེ་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་བ།
འགྱུར་རྡོ་མིན་པའི་ནུས་རྒྱུ་རིམ་བཞིན་ནུས་རྒྱུ་མཁོ་སྤྲོད་བྱེད་་མཁན་གཙོ་བོར་གྱུར་པ་དང་། ནུས་རྒྱུ་མཁོ་སྤྲོད་ཀྱི་གྲུབ་ཆར་ངོ་བོའི་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་བ་ནི་ནུས་རྒྱུ་གསར་པའི་མ་ལག་སྲོལ་རྒྱུན་གྱི་ནུས་རྒྱུའི་མ་ལག་དང་མི་འདྲ་བའི་རྩ་བའི་མཚོན་རྟགས་ཤིག་རེད།
སྔོན་ལ་མཁོ་སྤྲོད་ཕྱོགས་ནས་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཆེ་ཤོས་དང་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མ་ལག་བསྐྲུན་པ་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་40%ནས་60%ལྷག་ཙམ་བར་འཕར་བ། “རླུང་བུ་དང་། ཉི་མ། ཆུ”བཅས་དེ་བས་མང་བ་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་གཏོང་བར་བསྒྱུར་ཡོད།
འཛད་སྤྱོད་ཕྱོགས་ནས་བལྟས་ན། རྒྱལ་ཡོངས་ཀྱི་ནུས་རྒྱུའི་འཛད་སྤྱོད་ཁྲོད། འགྱུར་བྱུང་ནུས་རྒྱུ་མིན་པའི་ནུས་རྒྱུས་བཟུང་བའི་བསྡུར་ཚད་ལོ་ལྟར་བརྒྱ་ཆའི་གྲངས་1འཕར་བ་དང་། སྔོན་དཔག་བྱས་ན“ལོ་ལྔ་ཚན་བཅུ་བཞི་པར”གཏན་འཁེལ་བྱས་པའི་དམིགས་ཚད་20%ཡི་ཚད་ལས་བརྒལ་ནས་ལེགས་འགྲུབ་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཁྲོད་ནས་ལྗང་མདོག་ནུས་རྒྱུའི་གློག་གིས་བཟུང་བའི་བསྡུར་ཚད་བཅུ་ཆ་བཞི་ཙམ་ཟིན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི“ལྗང་མདོག་འདུས་ཚད”མཐོ་རུ་བརྟན་པོ་འགྲོ་རྒྱུ་རེད།
གྲངས་འབོར་འདང་ངེས་དང་རིན་གོང་བརྟན་པ། མཁོ་འདོན་གྱི་མཉེན་ཤུགས་དེ་བས་ཆེ་བ།
ད་ཆ་རང་རྒྱལ་དུ་སའི་གོ་ལའི་ཐོག་གི་རིགས་སྣ་ཆ་ཚང་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་ནུས་རྒྱུའི་མ་ལག་བསྐྲུན་པ་དང་ནུས་རྒྱུ་ཐོན་སྐྱེད་ཀྱི་བསྡོམས་འབོར་གྱིས་གོ་ལ་ཧྲིལ་པོའི་བསྡུར་ཚད་ནང་1/5ལྷག་ཙམ་བཟུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ནུས་རྒྱུ་རང་མཁོ་རང་སྤྲོད་ཐུབ་ཚད་80%ཡན་རྒྱུན་འཁྱོངས་ཐུབ་པ་དང་ནུས་རྒྱུ་འཛད་སྤྱོད་འཕར་ཚད་90%ཡན་རྒྱལ་ནང་གིས་རང་བདག་འགན་སྲུང་བྱས་ཡོད།
ཐོན་ལས་ཀྱི་རྣམ་པ་གསར་པར་གྱུར་པ། ལག་རྩལ་ལ་ཚད་བརྒལ་ཟམ་མི་ཆད་པར་བྱུང་བ།
ཧྲན་ཏུང་དུ་རང་རྟེན་བདག་དབང་ལྡན་པའི་ཉིང་རྡུལ་གློག་རབས་གསུམ་པ“གོ་ཧོ་ཨང་དང་པོ”ཡི་དཔེ་སྟོན་ལས་གྲྭ་ཐོག་མ་སྐྲུན་མཇུག་འགྲིལ་ཏེ། འཁོར་སྐྱོད་བྱེད་འགོ་ཚུགས་པ་དེ་ནི་འཕྲུལ་འཁོར་ཧྲིལ་པོ་རང་རྒྱལ་ནས་བཟོ་སྐྲུན་ཐུབ་པ་དང་། ཀྲེ་ཅང་དུ་རྒྱལ་ནང་གི་ཆན་ཧྥུའུ་220ཡི་མཉེན་ལྡེམ་འགུལ་ཚད་དམའ་བའི་གློག་གཏོང་ལས་གྲྭ་ཐོག་མ་དང་རང་འགུལ་རྣམ་པའི་མཚོ་གླིང་རིག་ལྡན་གློག་དྲ་ཆུང་གྲས་ཐོག་མ་སོགས་སྔ་རྗེས་སུ་འཁོར་སྐྱོད་ཐུབ་སྟེ། སྟབས་བསྟུན་རང་བཞིན་དང་མཉེན་ཤུགས་ལྡན་པའི་གློག་ནུས་འདེགས་སྐྱོར་བྱས་པ། ཡུན་ནན་དུ་ལྷོ་ཕྱོགས་གློག་དྲ་ནོར་རྫིང་ནུས་གསོག་གློག་ཁང་གིས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་རྣམ་པའི་ནཱ་གྱེས་རྡུལ་ནུས་གསོག་མ་ལག་ཐོག་མ་བཀོལ་སྤྱོད་བྱས་པ་བརྒྱུད། འཁོར་སྐྱོད་ཐུབ་ཡུན་དེ་བས་རིང་དུ་དང་ཁོར་ཡུག་གི་དྲོད་ཁྱད་ཐེག་ནུས་དེ་བས་ཆེ་རུ་ཕྱིན་པ་སོགས་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནུས་རྒྱུའི་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་མྱུར་ཚད་དེ་བས་མགྱོགས་པོ་བྱུང་ཞིང་། རང་རྒྱལ་གྱི་ཉིང་རྡུལ་གློག་གཏོང་འདྲེན་དང་འཛུགས་སྐྲུན་གྱི་གཞི་ཁྱོན་དང་རྣམ་པ་གསར་པའི་ནུས་གསོག་གཞི་ཁྱོན་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། རིག་ནུས་གློག་དྲ་ཆུང་གྲས་དང་རྟོག་བཟོའི་གློག་ཁང་སོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ། ནུས་གསར་རླངས་འཁོར་དང་གློག་དྲ་མཉམ་འགུལ་གྱི་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཚོད་ལྟར་སྐུལ་འདེད་མགྱོགས་པོ་ཐེབས་པ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་མི་ཆད་པར་ཐོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།