ཕྱི་འབྲེལ་པུས་བརྗོད་དོན།
ཀྲུང་གོས་འཛམ་གླིང་གི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་གྱི་ཡིན།
ཚེས་26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་བརྗོད་དོན། 2025ལོར“ཀྲུང་གོའི་གསར་གཏོད”ཅེས་པ་གོ་ལ་ཧྲིལ་པོའི་གླེང་མང་ཤོས་ཀྱི་ཐ་སྙད་ཅིག་ཏུ་གྱུར་ཡོད། འབྱུང་འགྱུར་ཀྲུང་གོས་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མུ་མཐུད་མགྱོགས་སུ་བཏང་སྟེ། ཚན་རྩལ་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་དང་གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ཏེ། འཛམ་གླིང་གི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་གྱི་ཡིན།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། ཉེ་ཆར། མོ་ཀེན་ཧྲི་ཏན་ལི་ཀུང་སིས《འཕྲུལ་མིའི་ལོ་རིམ་མེ་ལོང》ཁྱབ་བསྒྲགས་བྱེད་སྐབས། མི་གཟུགས་འཕྲུལ་མིའི་བཟོ་སྐྲུན་ཁྱབ་ཁོངས་སུ་ཀྲུང་གོར་ལེགས་ཆ་མངོན་གསལ་དོད་པོ་ཡོད། འདས་ཟིན་པའི་ལོ་ལྔའི་ནང་། འབྲེལ་ཡོད་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་མ་ཟད། གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ལ་མ་གནས་ཀྱི་ལེགས་ཆ་ཧ་ཅང་ཆེན་པོ་བཏོད་ཡོད་ཅེས་བརྗོད་ཡོད་པས། མགྲིན་ཚབ་པས་དེའི་སྐོར་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
ལིན་ཅན་གྱིས་བརྗོད་དོན། གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཡང་རམ་འདེགས་ཐུབ་ནས། རྒྱལ་ཁབ་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དང་རིག་ལྡན་གྲུ་ཁ་སོགས་ཀྱི་འཛུགས་སྐྲུན་ལག་རྩལ་དང་ཇུས་གཞི་འཛམ་གླིང་ལ་ཁྱབ་ནས། རྒྱལ་ཁབ་གཞན་པས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་གང་ལེགས་ཐུབ་ཡོད། ཀྲུང་གོའི་བྱང་སྐར་སྤུན་བདུན་མ་ལག་གིས་རྒྱལ་ཁབ་དང་ས་ཁུལ་ཁག་140ལྷག་ཙམ་ལ་ཞབས་འདེགས་ཞུས་ནས། གནོད་འཚེའི་སྔོན་བརྡ་གཏོང་བ་དང་། འགྲིམ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་མང་པོར་ནུས་པ་འདོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།