ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས།
“དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས”ཡོངས་བསྒྲགས་བྱས་པ།
དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་མིའི་ལས་རིགས་ལ་གུས་བཀུར། དམག་ཞབས་ཐིམ་པའི་དམག་མིར་བརྩི་འཇོག་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་སྤྱི་ཚོགས་ཡོངས་སུ“དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས”ཡོངས་བསྒྲགས་བྱས་པ་རེད།
ཝང་ཨའེ་ཏུང་དང་། ཝང་ཤིན་ཡོན། ཝང་ཁུའེ་ཡོན། ཝང་ཀྲི་མིང་། པ་ཐེར། ཀན་པེའོ། ཉན་གོ་ཆང་། ལི་ཅན་ཕིང་། ལི་རུའེ་ཁྲང་། ཀྲང་ཏ་ཧྲེང་། ཀྲང་ཅི་ལིན། ཀྲང་ཡུང་། ཆུས་ཝེ་མིང་། ཧུའུ་མིང་། ཧུའུ་ཀྲན་ཅུན། ལུའོ་མུའུ་ཡོན། ཅ་ཅན་ཏུང་། ཀའོ་ཧན་བཅས་བློ་མཐུན་18གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་བ་དང་། ཁོང་ཚོ་དམག་ཁོངས་ནས་དོན་རྗེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ལས་གནས་མི་འདྲ་བའི་ཐོག་འཇོན་ཐང་དང་ནུས་པ་བཏོན་ཞིང་། ཁོང་ཚོའི་ཁྲོད་ལ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོར་འབད་འཐབ་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པ་དང་། ལ་ལས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མི་དམངས་ལ་སྲུང་སྐྱོང་བྱེད་པའི་འགག་རྩའི་དུས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་གདོང་མཆོང་བྱེད་པ། ལ་ལས་ལག་ཤེས་སྒྱུ་རྩལ་ལ་བློ་རྩེ་གཅིག་སྒྲིམ་ངང་བརྩོན་ཞིབ་བྱས་ཏེ་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ། ལ་ལས་ནགས་ཚལ་སྟུག་པོའི་ཁྲོད་གཞིས་ཚུགས་ཏེ་ལྗང་མདོག་སྐྱེ་ཁམས་སྲུང་སྐྱོང་བྱེད་པ། ལ་ལས་གསར་གཏོད་ལ་གཞོལ་ནས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ལེགས་སྐྱེས་འབུལ་བ། ལ་ལ་དབང་སྐྱོན་ཡིན་ཡང་བློ་སྟོབས་ཆེན་པོས་མི་ཚེའི“འགྲན་ལམ་གསར་པར”ལས་རྗེས་འཇོག་པ་སོགས་ཁོང་ཚོའི་སྔོན་ཐོན་མཛད་རྗེས་ལས་དམག་ཞབས་ཐིམ་པའི་དམག་མིའི་དཔའ་ངར་ཆེར་སྐྱེད་དང་འབད་འཐབ་ཆེན་པོས་བྱས་རྗེས་འཇོག་པའི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་ཡོད།
རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས། དམག་ཞབས་ཐིམ་ཡང་སྙིང་སྟོབས་མི་ཉམས་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན། “དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས”མིག་དཔེར་འཛིན་ཏེ། མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རང་རྟོགས་ངང་དར་སྤེལ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་དེ་བས་ཡག་པོ་ཞུས་ནས། དམག་མིའི་སྙིང་སྟོབས་དང་། དམག་མིའི་ཀུན་སྤྱོད། དམག་མིའི་སྟོབས་ཤུགས་བཅས་ལས་ས་གནས་སུ་བཀྲག་མདངས་འཚེར་བ་བྱ་རྒྱུ་ཡིན་ཞེས་བརྗོད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཁེ་ལས་པའི་འཐུས་མིས། དམག་ཞབས་ཐིམ་པའི་དམག་མི་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས། བརྩེ་སེམས་ཟབ་མོས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་གནས་གསར་པའི་ཐོག་དམག་ཞབས་ཐིམ་པའི་དམག་མིའི་ལས་སྒྲུབ་ལས་གཏོད་ལ་ཆ་རྐྱེན་དང་གར་སྟེགས་སྐྲུན་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་ཞབས་ཐིམ་པའི་དམག་མིའི་ཐོབ་སྣང་དང་། སྐྱིད་སྣང་། གཟི་བརྗིད་ཚོར་སྣང་བཅས་ཆེ་རུ་བཏང་ནས་ཁོང་ཚོ་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་ཞུ་བའི་ལས་རིགས་སུ་འགྱུར་བ་དང་དམག་ཞབས་ཐིམ་པའི་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་བརྩི་འཇོག་བྱེད་པའི་མི་སྣར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི“དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས”ཡོངས་བསྒྲགས་མཛད་སྒོའི་ཆེད་དོན་ལེ་ཚན་ཉེ་དུས་སྟོན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།