དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེ་གྲོང་ཁྱེར་གྱིས་ས་ཆུར་སྲུང་འཛིན་ཡག་པོ་དང་སྔོ་ལྗང་རི་ཆུར་སྲུང་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་ཡོད་པའི་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཡུལ་དེ་གའི་ཡུལ་མི་དོན་གྲུབ་ཀྱིས་མིག་མདུན་གྱི་འགོག་སྲུང་ནགས་ཚལ་ལ་མཛུབ་མོ་འཛུགས་བཞིན་དུ“ལོ་བཅུའི་གོང་ས་ཆ་འདི་ནི་བྱེ་རླུང་འཚུབ་པའི་གྲམ་ཐང་ཞིག་རེད། ད་ཆ་སྔོ་ལྗང་གླིང་ཁ་ཞིག་ཏུ་གྱུར་ཡོད”ཅེས་བརྗོད། བབ་ཆགས་པའི་སྐད་ཆ་འདི་ལས་གཞིས་རྩེ་གྲོང་ཁྱེར་གྱི་ཆུ་བེད་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་མ་རྩ་འཇོག་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཆུ་བེད་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་240ཙམ་བཏང་ནས་རྣམ་གྲངས་660ཙམ་ལག་བསྟར་བྱས་ཡོད། ཆུ་མཛོད་ཆེ་འབྲིང་47གསར་དུ་བསྐྲུན་པར་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་13.14ཟིན་ཡོད། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ལས་ཐོན་སྐྱེད་ཡག་པོ་ཡོང་བར་འགན་ལེན་བརྟན་པོ་བྱས་ཤིང་། ཞིང་ཁ་དང་རྩྭ་ར་མུའུ་ཁྲི་298ལ་ཆུ་འདྲེན་ཡག་པོ་ཐུབ་པ་དང་། ཞིང་འབྲོག་ཁུལ་དུ་ཆུ་མཁོ་འདོན་འགན་ལེན་ཐུབ་ཚད་94.5%ཟིན་པས། མི་ཁྲི་70.3གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་ས་ཆུ་སྲུང་འཛིན་བྱ་ཐབས》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོས་ནས་ཚད་གཞི་དང་། ཁྱབ་ཁོངས། བརྒྱུད་རིམ་བཅས་ཁ་གསལ་བཟོས་ཡོད། ས་ཆུ་སྲུང་འཛིན་ཇུས་གཞིར་ཞིབ་མཆན་འགོད་རྒྱུ་སོགས་ཀྱི་དོན་ཚན་ལེགས་འགྱུར་བྱས་ཚད་15%ཟིན་ནས་ཞིབ་མཆན་འགོད་པའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་ས་ཆུ་སྲུང་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2016ལོར་ས་ཆུ་སྲུང་འཛིན་གྱི་ཁ་གསབ་གྲོན་དངུལ་བསྡུ་མི་དགོས་པ་བྱུང་བ་ནས་བཟུང་། རིམ་རྩིས་བརྒྱབ་ན་བསྡུ་ལེན་བྱས་པའི་གྲོན་དངུལ་བསྡོམས་འབོར་སྒོར་ཁྲི་8174.57ཟིན་ཡོད། སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་33བསྐྲུན་པར། མ་དངུལ་ཁྱོན་སྒོར་དུང་ཕྱུར་5.14བཏང་བ་དང་། ས་ཆུ་ཤོར་བར་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1277.47བྱས་ཡོད། མིག་སྔའི་བར་ས་ཆུ་སྲུང་འཛིན་ཐུབ་ཚད་84.44%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།