ཚོང་ཟོག་སྣ་ཁ་འཛོམས། ཚོང་འདུས་འཁྲུག་ཆ་དོད།
—— 2025ལོའི་ཁང་དམར་རྫོང་གི་དགུན་དུས་དངོས་ཟོག་རིག་གནས་སྤེལ་རེས་ཚོང་འདུས་ཀྱི་མཐོང་ཐོས།

འདི་ནི་མང་ཚོགས་ཀྱིས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།
ཁང་དམར་ཚོང་འདུས་འཁྲུག་ཆ་དོད། །ཡུལ་ཟོག་སྣ་མང་ཕུན་སུམ་ཚོགས། །མི་ཚོགས་འདུ་འཛིའི་འདུ་ལོང་ཆེ། །འཛད་སྤྱོད་སྐྱ་ནམ་རབ་ཏུ་རྒྱས། །ཉིན་ཤས་རིང་བསིལ་རླུང་བར་མེད་ལྡང་བས་གནམ་གཤིས་གྲང་དུ་སོང་བའི་སྣང་བ་འཆར་བ་དང་། རི་དབྲག་གི་བར་དུ་ཡུན་རིང་ཁ་ཁུ་སིམ་མེར་གཉིད་ལ་ཡུར་བའི་ཡུལ་ལུང་དེར་རིམ་པས་མི་ཚོགས་ཀྱི་འདུ་ལོང་འཁྲུག་པ་དང་། ཁྲོམ་གཞུང་གི་བཞི་མདོ་ཁར་ཁྲོམ་བཀྱག་ཆེ་ཆུང་སྣ་ཚོགས་ཡུག་གཅིག་ཏུ་སྟར་ལ་བསྒྲིགས་པ་དང་དེའི་སྟེང་དུ་སྤུས་ཀ་ལེགས་པའི་ཚོང་ཟོག་སྣ་ཚོགས་སྒྲིག་གཤོམ་བྱས་པའི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་ལོ་གཅིག་དུས་གཅིག་གི་ཚོང་འདུས་སླར་ཡང་ཤར། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཚོང་པ་མང་པོས་གོ་སྐབས་དེ་དང་བསྟུན་ནས་རང་རང་གི་ཚོང་ཟོག་ཁྲོམ་བཀྱག་སྟེང་དུ་བསྒྲིགས་ཏེ་ངོམ་སྟོན་བྱེད་པར་བྲེལ་བཞིན་ཡོད་པས། གནས་དེར་མ་བོས་ངང་གིས་འདུས་པའི་ཚོང་མགྲོན་བུང་བའི་ཁྱུ་ཚོགས་བཞིན་འཚང་ཁ་ཤིག་ཤིག་ངང་འཁོར་བ་དང་། ཁོ་ཚོས་མིག་ཀྱང་འཁྲུལ་བར་བྱེད་པའི་ཚོང་ཟོག་དག་ལ་ལག་པ་འཆང་ཙམ་འཆང་ཙམ་གྱིས། རང་རང་གི་བློ་ལ་བབས་པའི་ཚོང་ཟོག་སྣ་ཁ་རེ་གཉིས་ཉོ་ཐུབ་རེ་བྱེད་པས། རྫོང་གྲོང་དུ་དུས་རྒྱུན་དང་མི་འདྲ་བར་འཁྲུག་ཆ་ཤིན་ཏུ་དོད།
དེ་ཡང་ཁང་དམར་རྫོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁོངས་ཀྱི་མཐའ་མཚམས་རྫོང་གྲོང་ཞིག་ཡིན་ལ། ཆ་སྙོམས་ས་བབ་སྨི་4300ཡན་ཟིན་པའི་ས་མ་འབྲོག་གི་ས་ཁུལ་ཞིག་ཀྱང་རེད། ད་ཐེངས་ཀྱི་ཚོང་འདུས་དེ་ཁང་དམར་རྫོང་གྲོང་ཚོང་ལས་ཁྲོམ་གཞུང་དང་། ཉིང་རུ་སྟོད་ཤང་མཐའ་མཚམས་ཚོང་དོན་ཁྲོམ་ར་བཅས་ས་ཆ་གཉིས་སུ་སྤེལ་བ་དང་། ཁྱོན་ཚོང་གུར་80དང་། ཁྲོམ་བཀྱག་60ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། ཚོང་གུར་རེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་9ཙམ་ཟིན་ཡོད།
གཞིས་རྩེ་གྲོར་ཁྱེར་ཁང་དམར་རྫོང་གི་དངོས་ཟོག་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་འཛད་སྤྱོད་ཟུང་དུ་འབྲེལ་བར་བརྟེན་ནས་རང་ས་རང་ཡུལ་གྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། ཞིང་འབྲོག་ལས་ཀྱི་ཐོན་རྫས་འགྲེམས་ཚོང་དང་རིག་གནས་སྤེལ་རེས་མཉམ་འདྲེས་དམ་ཟབ་བྱས་ཏེ་དབྱིངས་ཞུགས་རྣམ་པའི་འཛད་སྤྱོད་ཀྱི་རྣམ་པ་གཏོད་པ། རྫོང་ཁོངས་ཀྱི་ཚོང་དོན་དཔལ་འབྱོར་དར་རྒྱས་གཏོང་བ། ཁང་དམར་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད། ཟླ་12ཚེས་18ཉིན་ཁང་དམར་རྫོང་གི་2025ལོའི་དགུན་དུས་ཀྱི་དངོས་ཟོག་དང་རིག་གནས་སྤེལ་རེས་འདུ་ཚོགས་དང་དམངས་ཕན་བྲིན་ཚོང་བྱེད་སྒོ་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས། འགོ་ཚུགས་མཛད་སྒོར་རྒྱལ་རྩེ་རྫོང་སྒྱུ་རྩལ་ཚོགས་པ་དང་ཁང་དམར་རྫོང་སྒྱུ་རྩལ་ཚོགས་པས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པས། མི་རྣམས་ཀྱི་ཡིད་དབང་ཡོངས་སུ་འཕྲོག་ཅིང་དགའ་འབོད་དང་ཐལ་མོའི་རྡེབ་སྒྲ་ལས་ཚོང་འདུས་འཚོགས་ས་སྔར་བས་འཁྲུག་ཆ་དོད།
འགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས་མི་རྣམས་གང་འདོད་བཞིན་ཚོང་ཁྲོམ་ལ་སྐོར་བར་སོང་ཞིང་། ཁྲོམ་བཀྱག་རེ་རེའི་མདུན་དུ་སྤུངས་པའི་ཚོང་ཟོག་སྣ་ཁ་འཛོམས་པ་སྟེ། ཁང་དམར་གྱི་ཚགས་ཤ་དང་། ལུག་ཤ། མར་། འདྲེ་འཚེར་མ། རི་སྐྱེས་སྨན་རྫས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཚོགས་བཤམས་འདུག་ལ་། ཐང་ག་དང་། ཁ་གདན། སྣམ་བུ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་ཀྱང་བཤམས་འདུག ཚོང་ཟོག་དེ་དག་ཚང་མ་སྤུས་ཀ་ལེགས་ཤིང་རྒྱུན་གཏན་འཚོ་བར་མཁོ་བ་ཤ་སྟག་ཡིན་པས། མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་སྒྲེང་བཞིན་དགའ་ཞེན་ཚད་མེད་བྱེད་ཀྱི་འདུག དེ་མིན་ལྗོངས་ཕྱི་ནང་གི་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་དང་། མི་རིགས་ཀྱི་གྱོན་ཆས། མཁོ་རྒུའི་ཁྱིམ་ཆས་སོགས་ཀྱི་མདུན་དུའང་མི་མང་པོས་འགྲོ་མཚམས་བཞག་ནས་གོང་ཚད་སྒྲིག་བཞིན་འདུག ཡུལ་མི་ལྷག་པ་དོན་གྲུབ་ཀྱིས་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཤིག་གྱོན་ནས་དགོད་འཚེར་འཚེར་ངང“ཚོང་འདུས་ལ་ཚོང་ཟོག་སྣ་ཁ་ཧ་ཅང་འཛོམས་པོ་འདུག ལོ་གསར་གྱི་ཉོ་ཆ་རྒྱག་པར་ཐག་རིང་པོར་འགྲོ་དགོས་མི་འདུག”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་འདུས་རིང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ཚད་ལོན་གོང་གཅོག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དུས་གཅིག་ཏུ་ལག་ལེན་བསྟར་བས། འཛད་སྤྱོད་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ཅིང་། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཁང་དམར་རྫོང་ཀ་ལ་གྲོང་ཚོ་ནས་ཡོང་བའི་ཨ་ཅག་བུ་ཁྲིད་ཀྱིས་རང་ཉིད་ཀྱིས་བཙེམས་པའི་ཁྱད་ལྡན་ལྟོ་ཕད་ཅིག་ངོ་སྤྲོད་བྱེད་ཀྱིན“ཚོང་འདུས་ཀྱི་གོ་སྐབས་འདི་དང་བསྟུན་ནས་རང་ཉིད་ཀྱིས་བཙེམས་པའི་ཁུག་མ་དེ་དག་འཚོང་ཐུབ་མིན་ལྟ་དགོས་བསམ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་དག་ལ་མི་ཚོས་དགའ་པོ་བྱེད་ཀྱི་འདུག ཉོ་མཁན་ཡང་མང་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།
ཚོང་འདུས་རིང་ད་དུང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་བསྟུད་མར་སྤེལ་བས་འཛད་སྤྱོད་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ་མ་ཟད། མི་རྣམས་ཀྱི་བསམ་པའི་རིག་གནས་འཚོ་བའང་དེ་བས་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།