དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དིང་རིའི་བསྐྱར་སྐྲུན་ལས་རྣམ་པ་གསར་པ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    “ཏང་གི་ཐུགས་ཁུར་ཡར་ཀླུང་གཙང་པོ་ལས་ཀྱང་རིང་བ་དང་མི་རིགས་མཐུན་སྒྲིལ་ཇོ་མོ་གླང་མ་ལས་ཀྱང་བརྟན”ཞེས་པའི་སྐད་ཆ་དེ་ཇོ་མོ་གླང་མའི་འདབས་ཀྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱུད་དུ་དར་ཁྱབ་ཆེན་པོ་ཡོད།

    ཟླ་1ཚེས་7ཉིན་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། མི་སྣ་ཤི་རྨས་ཚབས་ཆེན་བྱུང་སྟེ། ཡུལ་དེར་གློ་བུར་དུ་ཆག་སྒོ་ཆེན་པོ་བྱུང་ཡོད།

    དིང་རིར་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས“ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། ཞོར་ཐོན་གྱི་གནོད་འཚེ་སྔོན་འགོག་བྱེད་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། རྗེས་འཇུག་གི་ལས་དོན་སོགས་ཡག་པོ་སྒྲུབ་དགོས་པའི”བླང་བྱ་བཏོན་གནང་ཞིང་། དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་སྦྲགས་འཛམ་གླིང་ཡང་རྩེར“དུས་ཚོད་དང་འགྲན་པའི”བསྐྱར་སྐྲུན་དམག་འཐབ་རྒྱག་འགོ་ཚུགས། ཟླ་10པའི་ཟླ་མཇུག་བར་དིང་རིའི་གེགས་ཁུལ་གྱི་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་བྱེད་དགོས་པའི་མང་ཚོགས་ཀྱི་སྡོད་ཁང་ཚང་མ་བསྐྲུན་ཟིན་པ་དང་ཨར་སྐྲུན་པ་ཚོའི་དཀའ་སྤྱད་འབད་འཐབ་ལས་གེགས་ཁུལ་མང་ཚོགས་རྣམས་བདེ་སྐྱིད་འཚོ་བར་རོལ་རྒྱུ་བྱུང་།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་བསྐྱར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་བ།

    དགུན་ཁ་དིང་རི་རྫོང་ཕན་སྤྱི་ཤང་ཆགས་པ་གྲོང་ཚོ་གྲོང་དཀར་རང་བྱུང་གྲོང་ཚོའི་ལམ་གྱི་གཞོགས་གཉིས་སུ་བོད་བཟོའི་སྡོད་ཁང་གསར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པ་དང་ཁང་པའི་སྟེང་དུ་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    ཡུལ་མི་ཡེ་ཤེས་བཟང་མོའི་ཁྱིམ་གསར་པར་སྐྱོད་སྐབས། ལོ་74ལ་སླེབས་པའི་རྒན་མོ་ཁོང་བག་ཕེབས་ངང་བོད་བཟོའི་འབོལ་ཁྲི་གསར་རྐྱང་ཐོག་ཉི་མ་སྲོ་བཞིན་འདུག ཁོང་གིས“ཁང་པ་གསར་པར་མགྱོགས་པོ་དེ་འདྲ་སྤོ་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང་། དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་རྒྱུ་ཡོང་བ་འདུག”ཅེས་གསར་འགོད་པར་བཤད།

    དིང་རིར་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཉམས་གསོ་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས”ཞེས་མཛུབ་སྟོན་གལ་ཆེན་གནང་བ་རེད།

    སྨི་5300ནི་ཆགས་པ་གྲོང་ཚོ་གྲོང་དཀར་རང་བྱུང་གྲོང་ཚོའི་ས་བབ་མཐོ་ཚད་ཡིན་ལ། དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་མཐོ་ཚད་མཐོ་ཤོས་ཀྱང་ཡིན། ད་ཆ་གནོད་འཚེ་ཕོག་པའི་མང་ཚོགས་དུས་བཀག་ལྟར་སྡོད་ཁང་གསར་པར་སྤོས་པ་དེ་ཨར་སྐྲུན་པ་དང་ཏང་ཡོན་ལས་བྱེད་པ་མང་པོས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མི་སེར་ཚོ་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་བྱས་པ།

    ཆགས་པ་གྲོང་ཚོ་གནས་སའི་ཤང་གྲོང་གི་འགན་གཙང་འབྲེལ་གཏུག་ལས་བྱེད་པ་ཡིན་པའི་དིང་རི་རྫོང་གི་རྫོང་དཔོན་གཞོན་པ་ཀུའོ་ཉིང་ཉིང་ཨར་སྐྲུན་ལས་ཡུན་ཛ་དྲག་ཤོས་ཀྱི་སྐབས་སུ་ཟླ་གཅིག་བསྟུད་མར་ཆགས་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ལས་ཀ་བྱས་ནས་བསྡད་ཅིང་། ཁོང་གིས“ཁང་པ་གསར་པ་དུས་བཀག་ལྟར་རྩིས་སྤྲོད་བྱས་པ་དང་མི་སེར་ཚོ་ཁང་པ་གསར་པར་སྤོ་སྐབས་ཀྱི་དགའ་སྤྲོའི་རྣམ་པ་དེ་མཐོང་སྐབས་དཀའ་ལས་རྒྱག་རིན་ཆོག་འདུག”ཅེས་བཤད།

    གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མདུན་ཕྱོགས་བཀོད་འདོམས་པུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་དེ་རྫོང་7དང་། ཤང་གྲོང་47 གྲོང་ཚོ་486བཅས་ལ་ཁྱབ་པ་དང་། མང་ཚོགས་ཀྱི་སྡོད་ཁང་ཁྲི་2.2ལྷག་ཙམ་བསྐྱར་སྐྲུན་བྱེད་དགོས་པ། མང་ཚོགས་ཀྱི་སྡོད་ཁང་ཁྲི་1.05ལྷག་ཙམ་ཉམས་གསོ་དང་བརྟན་དུ་གཏོང་དགོས་ཀྱི་ཡོད། གེགས་རྗེས་བསྐྱར་སྐྲུན་ཐད་བསྐྱར་སྐྲུན་ས་ཚིགས་ཀྱི་ཆ་སྙོམས་ས་བབ་སྨི་4000ཡན་ཟིན་པ་དང་། མཐོ་གྲང་གསོ་རླུང་དཀོན་པ། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ། ལས་ཡུན་ཐུང་བ་བཅས་ཀྱི་ཚོད་བགམ་དྲག་པོ་འཕྲད་ཡོད།

    དཀའ་ངལ་དང་འགྲན་སློང་ཆེན་པོའི་མདུན་དུ་བློ་སྟོབས་ཆེན་པོ་དང་ལག་ལེན་བསྟར་ནུས་ཆེན་པོ་ལྡན་དགོས།

    ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པར་བོད་ཀྱིས་གེགས་རྗེས་བསྐྱར་སྐྲུན་གྱི་སྤྱིའི་ཇུས་གཞི་བཟོ་འགོད་བྱས་ཏེ་སྡོད་ཁང་གི་བཟོ་དབྱིབས་ཇུས་འགོད་དང་། ཚད་འཇལ་རིས་འབྲི་དང་ས་གཤིས་རྩད་ཞིབ། ཞིག་རོ་གཙང་སེལ་སོགས་ཀྱི་དུས་འགོའི་ལས་དོན་ཁག་སྤེལ་བ་དང་། ཟླ་3པའི་ཟླ་འགོར་ཨར་སྐྲུན་བྱེད་འགོ་ཚུགས་པ། ཟླ་6པའི་ཟླ་འགོར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ། ཟླ་10པའི་ཟླ་མཇུག་ཏུ་བསྐྱར་སྐྲུན་དང་། ཉམས་གསོ། རྩིག་ཞེང་བརྟན་དུ་བཏང་བ་སོགས་མང་ཚོགས་ཀྱི་སྡོད་ཁང་བསྐྲུན་ཟིན་པ་དང་འབྲེལ་གནོད་འཚེ་ཕོག་པའི་མང་ཚོགས་ལ་རྩིས་སྤྲད་པ་ལས། མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་གྱི་དམངས་འཚོའི་ལས་གྲྭའི“ས་མཐོའི་མྱུར་ཚད”བཏོད་ཡོད།

    “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་བྱས་པས། ལོ་དེ་རང་དུ་བསྐྱར་སྐྲུན་དང་ལོ་དེ་རང་དུ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད”ཅེས་གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་བཤད།

    མི་རྩ་བར་འཛིན་ནས“དྲོ་སོབ་སོབ་ཀྱི་ཁང་པ”དང“བདེ་སྡོད་ཁང་པ”བསྐྲུན་པ།

    ཟླ་1ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཚོགས་འདུའི་ཐོག་གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་དང་། ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་འཕྲལ་སྡོམ་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    གྲོང་ཚོ་སྐྲུན་ཡུལ་འདེམས་པ་དང་ཁང་པ་ཇུས་འགོད་བྱེད་པའི་ཐད་མང་ཚོགས་ཀྱི་འདོད་བློ་གཙོ་བོར་བཟུང་ནས་མང་ཚོགས་དང་མཉམ་དུ་གྲོས་བསྡུར་བྱས་ཏེ། རྒྱལ་ནང་གི་ཆེད་ལས་ཇུས་འགོད་ཚོགས་པས་མང་ཚོགས་ལ་བཟོ་དབྱིབས་མི་འདྲ་བའི་ཁང་པ་6ཇུས་འགོད་བྱས་པ་མ་ཟད། ཁང་པ་དང་ཆ་སྒྲིག་གི་ཆུ་དང་། གློག དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་བསྐྱར་སྐྲུན་བྱས་པ་སོགས། གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་ཚུན་ས་གནས་དེ་གས་སྡོད་ཁང་བསྐྱར་སྐྲུན་དང་། དགུན་དུས་ཀྱི་དྲོད་སྲུང་། ཡོམ་འགོག་བདེ་འཇགས་བཅས་ཟུང་དུ་འབྲེལ་ནས་མང་ཚོགས་ལ་སྐྱིད་སྣང་དོད་པའི“དྲོ་སོབ་སོབ་ཀྱི་ཁང་པ”དང“བདེ་སྡོད་ཁང་པ”བསྐྲུན་ཡོད།

    དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཡུལ་མི་ཟླ་བ་ཚེ་རིང་གི་ཁྱིམ་གསར་དུ་སྐྱོད་སྐབས་ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་བཅས་ཚང་མ་ཡོད་པ་མཐོང་བྱུང་། ཁོང་གིས“ཁང་པ་རྙིང་པ་དང་བསྡུར་ན་ཁང་པ་གསར་པའི་སྤུས་ཚད་ཡག་པ་མ་ཟད། ཁང་པའི་ནང་གསང་སྤྱོད་ཀྱང་ཡོད་པས་རྒན་རྒོན་དང་ཕྲུ་གུས་གཟུགས་པོ་བཀྲུ་བ་དང་གསང་སྤྱོད་ལ་འགྲོ་བར་སྔར་བས་སྟབས་བདེ་པོ་འདུག”ཅེས་བཤད།

    སྡོད་ཁང་གསར་རྐྱང་དུ་གྱུར་པ་ཕུད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱང་བརྟན་པོའི་ངང་ལེགས་སུ་གཏོང་བཞིན་ཡོད་ཅིང་། འཕྲོད་བསྟེན་ཁང་དང་། རིག་གནས་བྱེད་སྒོའི་ལྟེ་གནས། ལུས་རྩལ་ཐང་སོགས་ཀྱི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩ་ནས་སྟབས་བདེའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།

    དིང་རི་རྫོང་ཉི་ཤར་ཤང་ཤར་ལུང་གྲོང་ཚོའི་ཡུལ་མི་ལྷག་པས“བསྐྱར་སྐྲུན་བྱས་རྗེས་གྲོང་ཚོའི་སྒྲིག་བཀོད་སྣ་ཚོགས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ད་ཆ་ཅ་དངོས་ཉོ་དགོས་ཚེ་གཞི་རྩའི་ཆར་གྲོང་ཚོ་ནས་དོན་མི་དགོས་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།

    དིང་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་པ་སངས་ནོར་བུས། “སྤུས་ཚད་ནི་གེགས་རྗེས་བསྐྱར་སྐྲུན་ལས་དོན་གྱི་སྲོག་རྩ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱེད་པའི་ལྟེ་བའི་དམ་འཛིན་བྱ་གཞི་ཡང་ཡིན། གེགས་རྗེས་བསྐྱར་སྐྲུན་གྱི་ལས་གྲྭ་ཚང་མས་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད”ཅེས་བཤད།

    གསར་པའི་ཕྱོགས་སུ་མཆོང་སྐྱོད་བྱས་ཏེ“སླར་གསོ”ནས“ཚད་བརྒལ”བྱུང་བ།

    དིང་རི་རྫོང་གྲམ་མཚོ་ཤང་མགུ་རིང་གྲོང་ཚོར་སྐྱོད་སྐབས་ཡུལ་མི་ཚེ་རིང་བཀྲ་ཤིས་ཀྱིས་གྲོང་པའི་ཉི་འོད་དྲོད་ཁང་ལ་ཞིབ་བཤེར་བྱེད་བཞིན་མཆིས། གེགས་རྗེས་བསྐྱར་སྐྲུན་རིང་ཁོང་གིས་ཉི་འོད་དྲོད་ཁང་སྐྲུན་པའི་ལག་རྩལ་ཤེས་ཡོད།

    ཚེ་རིང་བཀྲ་ཤིས་ཀྱིས། “རྒན་ལགས་ལ་རོགས་པ་བྱེད་ཞོར་ལག་རྩལ་སྦྱངས་པ་ཡིན། ད་ཆ་གྲོང་ཚོའི་ནང་སུའི་ཁྱིམ་གྱི་དྲོད་ཁང་ཡག་པོ་བྱུང་ཡོད་མེད་ངས་བལྟས་པ་ཙམ་གྱིས་ཤེས་ཀྱི་འདུག”ད་ཆ་རང་ཉིད་ཀྱིས་གསར་དུ་སྦྱངས་པའི་རྩལ་ནུས་ལ་བརྟེན་ནས་གྲོང་ཚོའི་ལག་རྩལ་མཁས་པར་གྱུར་སོང་ཞེས་བཤད།

    ཟླ་8ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

    ཚེ་རིང་བཀྲ་ཤིས་ཀྱི་འཚར་ལོངས་བརྒྱུད་རིམ་ནི་ས་ཆ་དེ་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་འགོ་ཚུགས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཁང་ཧྲུལ་ནས་སྡོད་ཁང་གསར་པའི་བར་དང་། ཆ་འཕྲིན་གྱི་བརྡ་རྟགས་ཆད་པ་ནས་དྲ་རྒྱ་ཤར་གཏོང་བར་སོགས་དིང་རིའི་གེགས་རྗེས་བསྐྱར་སྐྲུན“སླར་གསོ”བྱུང་བ་མ་ཟད། གྲོང་མིའི་འཚོ་བའི་སྤུས་ཚད་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་སུའང་ཚད་བརྒལ་ཆེན་པོ་བྱུང་ཡོད།

    བསྐྱར་སྐྲུན་ཐུབ་པ་དེ་མང་ཚོགས་རང་འགུལ་ངང་ཞུགས་པ་དང་བློ་གཅིག་སེམས་གཅིག་གིས་མཉམ་སྐྲུན་བྱེད་པ་དང་ཁ་བྲལ་ཐབས་མེད། ས་གནས་དེ་གས་མང་ཚོགས་ཚང་མ་ཞིག་རོ་གཙང་སེལ་དང་། ཁོར་ཡུག་བཅོས་སྒྲིག ཉམས་གསོ་བརྟན་གཏོང་། སྤུས་ཚད་ལྟ་སྐུལ། ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་སོགས་ལྷུ་ཚིགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད།

    ལག་རྩལ་བསླབ་པ་དེ་གེགས་རྗེས་བསྐྱར་སྐྲུན་རིང་མི་རིགས་མཐུན་སྒྲིལ་རོགས་རེས་ཀྱི་གསོན་ཉམས་དོད་པའི་གཞི་རྟེན་ཞིག་ཏུ་གྱུར་ཡོད། སི་ཁྲོན་ནས་ཡིན་པའི་ཨར་ལས་པ་ཧྲི་ཚུང་མིང་གི་མཛུབ་ཁྲིད་འོག་ངམ་རིང་རྫོང་གི་བཀྲ་ཤིས་དོན་གྲུབ་ནི་དེ་གོང་ཡོ་བྱད་ཀྱི་མིང་ཙམ་ཡང་མི་ཤེས་པ་ནས་ད་ཆ་རང་སྐྱ་འཕེལ་བའི་ངང་ཆུ་ཡུར་སྔོག་ཐུབ་པའི་བར་གྱུར་ཡོད། ཧྲི་ཚུང་མིང་གིས“དོན་གྲུབ་ཀྱིས་ལག་རྩལ་ཞིབ་ཚགས་པོས་སྦྱོང་བ་མ་ཟད། ལག་རྩལ་གྱི་གཙོ་གནད་རྟག་ཏུ་ངར་སྐད་ཆ་འདྲི་གི་འདུག དཔེར་ན་གཟར་ཚད་ཚད་འཇལ་དང་ཆུ་ཡུར་གྱི་ཐིག་ཚད་སྒྲིག་པའི་ཞིབ་ཕྲའི་གནས་ཚུལ་དག་ཀྱང་གསལ་པོར་འདྲི་གི་འདུག”ཅེས་བཤད།

    མང་ཚོགས་འབབ་འཕར་ཡོང་བ་དེ་གྲོང་ཚོ་གསར་པའི་ཐོན་ལས་འཆར་འགོད་དང་རྨང་གཞིའི་སྒྲིག་བཀོད་མཐོ་རུ་གཏོང་བ་དང་གཅིན་མཐུན་ཡིན་དགོས་ཤིང་། དིང་རི་རྫོང་གི་ཚད་གཞི་མཐོ་བའི་མི་ཐབས་གཟན་ཆས་རྟེན་གཞི་དང་ལྷ་རྩེ་རྫོང་གི་གཟན་ཆས་ལས་སྣོན་རྣམ་གྲངས་སོགས་སྐུལ་ཁྲིད་ནུས་པ་ཆེ་བ་དང་ལས་ཞུགས་ཐུབ་ཚད་མཐོ་བའི་ཁྱད་ལྡན་ཐོན་ལས་ཁག་གཅིག་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད།

    གེགས་རྗེས་བསྐྱར་སྐྲུན་ནི་གནོད་འཚེ་དང་འགྲན་རྩོད་བྱེད་པ་ཞིག་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་བསྐྱར་མཚོན་ཞིག་དེ་བས་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག་ས་ཆ་འདིའི་མི་རྣམས་ཀྱིས་བཀའ་དྲིན་ཚོར་སེམས་དང་འབད་འབུངས་ཡར་བརྩོན་ལ་བརྟེན་ནས་བརྟན་སྲུང་ཁྲོད་མདུན་སྐྱོད་དང་འབད་འཐབ་ཁྲོད་འཚོ་བ་གསར་པར་སྙེགས་པ་དང་། སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།