སྒོ་དབྱེའི་མཐོ་ས་གཏོད། མཐའ་མཚམས་ཚོང་དོན་དར།
—— རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ།

འདི་ནི་ཟོག་འཁོར་འགྲམ་འགག་སྒོའི་ནང་འཛུལ་བཞིན་པ། (ཟླ་7ཚེས་15ཉིན་པར་བརྒྱབ)
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། ཟོག་འགྲུལ་གྱི་རྨང་གཞིའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཟོག་འགྲུལ་ལྟེ་གནས་དང་། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་འཛུགས་སྐྱོང་ལ་ཚད་བརྒལ་ཆེན་པོ་བྱུང་བ། མཐའ་མཚམས་འགག་སྒོའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་ལས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ས་མཐོའི་ཟོག་འགྲུལ་དྲ་རྒྱ་གྲུབ་པ།
2025ལོའི་ཟླ་3ཚེས་25ཉིན་གྱི་ཞོགས་པར། མེ་འཁོར་གྱི་ཐོན་སྒྲ་རིང་མོ་གྲགས་པ་དང་བསྟུན་ཏེ་ཀྲེང་ཀྲོའུ་ནས་ཐོན་པའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ནང་རྒྱལ་ཐོན་ནུས་རྒྱུ་གསར་པའི་རླངས་འཁོར་150བླུགས་ཏེ་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་སྒོ་ཁྲལ་གནས་ཞུ་བྱས་རྗེས་ཆུ་ཚོད་24ཡི་ནང་ཀ་ཏ་མན་རྡུ་རུ་ཐད་ཀར་འབྱོར་བ་དང་། དུས་དེ་ནས་བོད་འདི་ཉིད“རླངས་འཁོར་ཟླ་སྒྲིལ་བཏང་ནས་རྒྱལ་སྒྲོལ”གྱི་དུས་རབས་ནས“དུས་གཏན་མེ་འཁོར་གྱི་དུས་རབས”ཕྱོགས་སུ་བསྐྱོད་འགོ་ཚུགས་ཡོད། ད་ལོ་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐེངས་11བཏང་བར་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་2.26ཟིན་ཡོད། རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་གྱིས“ཐོན་གསར་གསུམ”ཕྱིར་གཏོང་བ་བཀྲག་མདངས་འཚེར་སར་བྱེད་པ་དང་། རིག་ལྡན་ཟོག་འགྲུལ་འདེགས་སྐྱོར་དུ་བྱེད་པ། འགག་སྒོ་རིམ་སྤོར་ཚད་བརྒལ་དུ་བྱེད་པ་བཅས་ལ་བརྟེན་ནས་ནུས་ཆེ་ཅན་དང་། རིག་ནུས་ཅན། རྒྱལ་སྤྱི་ཅན་བཅས་སུ་མགྱོགས་མྱུར་ཕྱོགས་སྒྱུར་བྱས་ཡོད།
ཟླ་བ་9ཡང་མ་འགོར་བར་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྤྱིའི་ཟོག་འགྲུལ་འབབ་ཚུགས་ཀྱིས་སླར་ཡང་ཟིན་ཐོ་བཏོད་པ་སྟེ། ཟླ་12ཚེས་9ཉིན། ཁུ་ལུའི་ཐོན་རྫས་ཁག་གཅིག་དུས་གཏན་གནམ་གྲུ་བརྒྱུད་ཐད་ཀར་ནེ་པ་ལར་དབོར་བ་དང་བསྟུན་ནས། གནམ་ཐང་གི་རྒྱལ་སྤྱིའི་ཟོག་འགྲུལ་འབབ་ཚུགས་ཀྱི་ལོའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་ཁྲི་1100ལས་བརྒལ་ནས“མཁའ་དབྱིངས་ཀྱི་དར་གོས་ལམ་བུ”དངོས་སུ་གཉེར་འགོ་ཚུགས་པ་རེད།
དེ་ནས་བཟུང་ལྷ་སའི་སྐམ་སའི་གྲུ་ཁའི་རྣམ་པ་དང་གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོའི་རྣམ་པའི་རྒྱལ་ཁབ་རིམ་པའི་ཟོག་འགྲུལ་ལྟེ་གནས་ཚང་མ་དོན་འཁྱོལ་ཐུབ་པ་དང་། ལྷོ་ཁའི་མཁའ་འགྲུལ་རྣམ་པའི་ཟོག་འགྲུལ་ལྟེ་གནས་ཀྱང་གོ་རིམ་ལྡན་པའི་ངང་རེ་ཞུ་བྱེད་བཞིན་ཡོད་པས། བོད་དུ་རྒྱལ་ཁབ་རིམ་པའི་ཟོག་འགྲུལ་གྱི“ཐོབ་ཐང་ལག་ཁྱེར”ཐོག་མར་རག་སྟེ་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
འགག་སྒྲོལ་གྱི་དུས་ཚོད་ཐུང་དུ་ཤུགས་ཆེན་ཕྱིན་པ།
གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་H986རིག་ནུས་འཆར་འགོད་མ་ལག་སྤྱོད་འགོ་ཚུགས་རྗེས། ཁ་ལོ་བ་སྐལ་བཟང་རྡོ་རྗེས“དེ་སྔ་ཟོག་འདྲེན་རླངས་འཁོར་ཞིག་ལ་ཞིབ་བཤེར་བྱེད་པར་ཆུ་ཚོད་2.7འགོར་བ་དང་ད་ཆ་སྐར་མ་18ལས་འགོར་གྱི་མི་འདུག དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་བཤད། དེ་བས་མགྱོགས་པ་ནི་འགྲམ་འགག་སྒོ་ཡིན་ཏེ། ད་ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་གི་རིན་ཐང་སྒོར་དུང་ཕྱུར་5.75ཟིན་པ་དེ་དུས་མཚུངས་ལས་10.79%འཕར་བའི་ཐབས་མཆོག་ནི“སྔ་སྣུར་ནས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། འབྱོར་མ་ཐག་ཞིབ་བཤེར་བྱེད་པ། འཛིན་ཡིག་ལ་སྔོན་ནས་ཞིབ་བཤེར་བྱེད་པ”སོགས་ཀྱི་མགོ་མཇུག་གཙང་སྒྲིལ་གྱི་ཞབས་འདེགས་ཞུས་པ་དེ་རེད།
འགག་སྒོ་ནི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་གྱི་ལྟེ་བའི་ལྷུ་ཚིགས་ཤིག་ཡིན་ཞིང་། དེའི་འཁོར་སྐྱོད་ལས་ཆོད་དེ་ཟོག་འགྲུལ་མ་ལག་ཧྲིལ་པོའི་ཕན་ནུས་དང་ཐད་ཀར་འབྲེལ་བ་ཡོད། ད་ལོ་རང་ལྗོངས་ཀྱིས“ས་ཁོངས་ཀྱི་ཐོན་ཁུངས་དང་འགག་སྒོའི་ནུས་པ་མཉམ་འགུལ་དང་། ཐེངས་གཅིག་ལ་སྒོ་ཁྲལ་གནས་ཞུ། འགག་སྒོ་ཤར་གཏོང”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ནས། འགག་སྒོ་སྒྲོལ་བའི་ཕན་འབྲས་ཆེ་རུ་ཤུགས་ཆེན་འགྲོ་བར་སྐུལ་འདེད་བཏང་བ་རེད།
“ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྲིད་ཇུས་ཀྱི་ཁེ་སྤོགས་དང་ས་ཁམས་ཀྱི་ལེགས་ཆ་ལས་ང་ཚོར་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་ཕྱོགས་སྐབས་འགྲན་ནུས་ཉིས་བརྩེགས་ཡོད་པར་བྱས་ཡོད”ཅེས་བོད་ལྗོངས་ཧྲེང་ཁྲེང་རྒྱལ་སྤྱིའི་ཟོག་འགྲུལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུན་ཡུང་གིས་བཤད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས“སྤ་སེ་གཅིག་ལ་རླངས་འཁོར་མང་བའི”སྒོ་ཁྲལ་སྙན་ཞུའི་རྣམ་པ་བརྒྱུད་ཁེ་ལས་ལ་འགག་སྒྲོལ་གྱི་སྟབས་བདེའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་པ་དང་ཚོང་འགུག་མ་འདྲེན་གྱི་བརྒྱུད་རིམ་ལེགས་སུ་བཏང་རྗེས་ཁེ་ལས་ཐོ་འགོད་བྱེད་པའི་དུས་ཚོད་གཟའ་འཁོར་གཅིག་ནས་ཉིན་གཅིག་བར་ཐུང་དུ་ཕྱིན་ཡོད་པ་རེད།
རྒྱལ་སྒྲོལ་དྲ་ཐོག་ཚོང་ཁང་གིས་མྱུར་ཚད་མགྱོགས་སུ་བཏང་བ།
2025ལོའི་ཟླ་11པར། ལྷ་ས་འགག་སྒོ་ལས་ཁུངས་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་གསར་དུ་བཏོན་པའི“1210ཁྲལ་སྲུང་རྒྱལ་སྒྲོལ་ཚོང་དོན་གྱི་གློག་རྡུལ་དྲ་ཚོང་དང་། རྒྱལ་སྒྲོལ་གློག་རྡུལ་དྲ་ཚོང་གི་ཁྲལ་སྲུང་དཔེ་སྟོན། མགྱོགས་མྱུར་སྡེབ་སྐྱེལ་བཅས་ཟུང་དུ་འབྲེལ་བའི”སིལ་ཚོང་བྱེད་སྟངས་གསར་པ་ལྷ་སར་ལག་བསྟར་བྱས་པ་དང་འབྲེལ། ཚོང་ཁང་ཨ་མས“དྲ་ཕྱིར་ཉམས་ལེན་དང་། དྲ་ཐོག་ནས་མངགས་ཉོ། མགྱོགས་མྱུར་སྡེབ་སྐྱེལ”བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་བརྒྱུད་ས་མཐོའི་མང་ཚོགས་ལ“སྒོ་རྩ་ནས་གོ་ལ་ཧྲིལ་པོའི་ཅ་དངོས་ཉོ་བར”སླར་ཡང་སྟབས་བདེ་བསྐྲུན་ཡོད་པ་རེད།
ད་ལོ། རང་ལྗོངས་ཀྱིས་འགག་སྒྲོལ་བརྒྱུད་རིམ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་མུ་མཐུད་ལག་ལེན་བསྟར་ཏེ། ཁྲལ་སྲུང་མཛོད་ཁང་དང་ཟོག་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་སྡེབ་སྐྱེལ་དཀའ་གནད་ནུས་ལྡན་བསལ་ཡོད། ཚོང་ཁང་ཨ་མས་ཚོད་ལྟ་བྱས་པ་བརྒྱུད“བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་དང་གོ་ལ་ཧྲིལ་པོའི་ནང་འདྲེན་ཟུང་དུ་འབྲེལ་བའི”ཕྱོགས་གཉིས་ཀྱི་ཚོང་དོན་ཐབས་ལམ་འཚོལ་ཞིབ་བྱས་ཏེ་ས་གནས་དེ་གའི་ཐོན་ལས་འཁོར་རྒྱུག་གཉིས་ཀྱི་རྣམ་པར་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་བ་རེད།
ཕྱི་རྒྱལ་གྱི་མཛོད་ཁང་སྐྲུན་པར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ནེ་པ་ལའི་ཕྱི་རྒྱལ་གྱི་མཛོད་ཁང་གཉེར་སྐྱོང་བརྟན་པོ་བྱས་པ། ལྷ་ས་དང་གཞིས་རྩེ་སོགས་སུ་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་མཐུད་བཏང་ཡོད། ད་ལོ“ཚོང་ཟོག་ཐོག་མ”མང་པོ་ཚད་བརྒལ་བྱུང་བ་སྟེ། གློག་སྡོང་ནེ་པ་ལར་ཕྱིར་གཏོང་བྱས་པ་དང་དེ་བཞིན་སྣུམ་ནག་ནང་འདྲེན་དང་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་སོགས་ཚུད་པའི་ལས་སྒོ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བ་རེད།
“ལས་སྟེགས་དང་། དྲ་ཚོང་། ཕྱི་རྒྱལ་གྱི་མཛོད་ཁང་བཅས་ཟུང་དུ་འབྲེལ་བའི”ཕྱོགས་གསུམ་གཞི་གཅིག་གི་རྣམ་པ་བརྒྱུད། མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཆ་འཕྲིན་ཅན་འཛུགས་སྐྲུན་བྱས་པ་དེས“བོད་ཟོག་བོད་ནས་ཐོན”དེ་བས་མགྱོགས་པ་དང“བོད་ཟོག་ཕྱིར་གཏོང”དེ་བས་མགྱོགས་སུ་བཏང་ནས་ས་ཁོངས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
ཚོང་གཉེར་ཁོར་ཡུག་ལས“སྡུད་ཤུགས”ཆེན་པོ་མངོན་པ།
ད་ལོའི་ཟླ་6པར་ལྷ་སར། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་13པའི་ཐོག་ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྒྲོལ་སྐྱེལ་འདྲེན་ཐད་གཅིག་མཐུན་བྱུང་ནས། ནེ་པ་ལས་རྒྱལ་སྤྱིའི་བགྲོད་ལམ་ཐོག་རླངས་འཁོར་བཏང་ཆོག་པའི་ཆོག་འཐུས་ལག་ཁྱེར་བཟོས་ནས་སྤྲོད་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ནེ་པ་ལའི་སྐམ་སའི་འགག་སྒོ་ཕན་ཚུན་སྦྲེལ་མཐུད་དང་འཁོར་རྒྱུག་ཤར་གཏོང་ཡག་པོ་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག ནེ་པ་ལར་རོགས་སྐྱོར་གྱི་ལེགས་རྩེ་ནས་གནས་ཆུང་བར་གྱི་འགག་སྒོ་འབྲེལ་མཐུད་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་། སྔོན་དཔག་བྱས་ན་2026ལོར་ལས་མཇུག་འགྲིལ་རྗེས་ཀྲུང་གོ་དང་ནེ་པ་ལའི་རླངས་འཁོར་ཕན་ཚུན་ཁ་གཏད་སྐྱེལ་འདྲེན་ཐུབ་ནས་ཟོག་འགྲེམས་མ་གནས་10%ཡན་སླར་ཡང་ཆག་རྒྱུ་རེད།
ཟླ་7ཚེས་25ཉིན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་གཉེར་སྐྱོང(བོད་ལྗོངས)ཚད་ཡོད་ཀུང་སིའི་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་བོད་འདི་ཉིད་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པར་འགག་རྩའི་གོམ་སྟབས་སྤོས་པ་མཚོན་པ་མ་ཟད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་ཟོག་འགྲུལ་བགྲོད་ལམ་སྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱས་ཏེ། རང་ལྗོངས་ཀྱི་ཕྱི་ནང་གཉིས་ཀར་སྒོ་མོ་དབྱེ་བའི་ཆུ་ཚད་མཐོར་གཏོང་དང་རྒྱལ་ཁབ་ཀྱི་འཁོར་རྒྱུག་ཟུང་ལྡན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།
རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མཐའ་མཚམས་རྫོང་21ལ་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་རྣམ་གྲངས་དང་འགག་སྒོའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་མང་པོ་ཞིག་ཏུ་མཐའ་མིའི་ཚོང་འབྲེལ་སླར་གསོ་བྱས་པ། 2025ལོར་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་1.7ལྷག་ཙམ་ཟིན་ཡོད།
རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ཟོག་འགྲུལ་ལྟེ་གནས་མེད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཅིག་པུ་ཡིན་པ་ནས“མཁའ་ལམ་དང་སྐམ་སའི་ལྟེ་གནས”ཆ་འཛོམས་ཀྱི་སྒོ་དབྱེའི་མཐོ་ས་གསར་པའི་བར་དང་། “འགག་སྒོའི་དཔལ་འབྱོར”ནས“བགྲོད་ལམ་དཔལ་འབྱོར”དང“ཐོན་ལས་དཔལ་འབྱོར”བར་ཕྱོགས་སྒྱུར་རིམ་སྤོར་བྱུང་སྟེ། རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་འདབས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པར”བོད་ཀྱིས“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན”གྱི་འཐབ་ཇུས་ངེས་གནས་གཏན་འཁེལ་བྱས་ནས་ལྟེ་བའི་ནུས་རིམ་རིམ་སྤོར་དང་གྲངས་འཛིན་འགག་སྒོ་འཛུགས་སྐྲུན་སོགས་ཀྱི་མ་ལག་འདུ་འགོད་ལག་ལེན་བསྟར་བ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་ཟམ་མི་ཆད་པ་གཏོང་བ། མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།