དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་གྲོལ་བ།

    ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-29

    ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བརྒྱབ་པའི་ཉ་ལས་བཅའ་ཁྲིམས་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་ཕྱི་ཕྱོགས་ཚོང་དོན་བཅའ་ཁྲིམས། བཅའ་ཁྲིམས་གཙང་བཤེར་ལས་དོན་སྤེལ་ཚུལ་དང་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་63པ་དང་། 64པ། 65པ། 66པ། 67པ། 68པ་བཅས་སོ་སོར་མཚན་རྟགས་བཀོད་གནང་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་158ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་སྐོར་གྱི་གྲོས་གཞི་དང་། གྲོས་ཞིབ་བྱེད་པར་ཕུལ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞི། གྲོས་ཞིབ་བྱེད་པར་ཕུལ་བའི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞི་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་གསུམ་པོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ། ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་གསལ་བཤད་གནང་རྒྱུའི་མངགས་བཅོལ་བྱས་པ་རེད།

    ཚོགས་འདུའི་ཐོག ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གཉིས་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགྲེལ་བཤད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གཏན་འབེབས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་2026ལོའི་ཟླ་3ཚེས་5ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁག་སོ་སོར་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་ཏུ་རྩིས་སྤྲད་པའི་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་གཞག་ཆོག་མཆན་སྤྲད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སུན་ཀྲེན་ཕིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་དང་། ཧྲི་ཝུའེ་ཀྲུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ། ཀུང་མིང་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིན་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། དྲུང་ཆེ་ལིའུ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་འཆད་ཁྲིད་ཐེངས་ཉི་ཤུ་པ་གཉེར་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གཙོ་སྐྱོང་གནང་བ་རེད། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཡན་ཏུང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།