དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་སྐྱིན་ཚབ་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཕེང་པོ།   |     སྤེལ་དུས།  2025-12-29

    ཟླ་12ཚེས་22ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པར་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པར་གྲོས་ཞིབ་བྱས་ཤིང་། དེ་གོང་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ལེའུ་ཁག་གི་འཆར་ཟིན་དབྱེ་ནས་གྲོས་ཞིབ་བྱས་པ་བརྒྱུད། ཚང་མར་གྲོས་ཞིབ་གཉིས་པ་ལེགས་སྒྲུབ་བྱུང་ནས་བཟོ་བཅོས་བརྒྱབ་སྟེ་འཐུས་སྒོ་ཚང་དུ་བཏང་ཡོད།

    སྤྱིའི་རྩ་གནད་ཀྱི་ལེའུའི་ནང་། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གཉིས་པར་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་འགན་སྲུང་གི་ནང་དོན་གཏན་ལ་ཕབ་ཡོད། བསམ་འཆར་དང་གྲོས་འགོའི་ནང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁྲོད་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགན་འཁྲིར་སྔར་བས་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བསྟན་ཡོད། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པའི་ནང་། ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་གི་འདྲི་གཅོད་ལས་དོན་ལ་ཤུགས་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་ཆེད་ལས་ཅན་གྱི་འདྲི་གཅོད་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་དང་། ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་གི་ཞིབ་དཔྱོད་ལས་དོན་ལ་ཤུགས་བརྒྱབ་སྟེ་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་གཏོར་སྐྱོན་སྐྱིན་ཚབ་དང་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཚུལ་ཁ་གསལ་བཟོས་ཡོད།

    སྦགས་བཙོག་འགོག་བཅོས་ཀྱི་ལེའུའི་ནང་། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པར་ས་གནས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་སོག་མ་དང་ལོ་མ་སོགས་མེ་བསྲེག་གཏོང་བར་སྒྲིག་འཛུགས་དང་། མཛུབ་སྟོན། དོ་དམ་བཅས་ལ་ཚན་རིག་དང་མཐུན་པའི་གནད་སྨིན་ཤུགས་སྣོན་རྒྱག་དགོས་པ་དང་། མི་ཚོགས་སྟུག་ས་དང་། གནམ་ཐང་གི་མཐའ་འཁོར། འགྲིམ་འགྲུལ་མ་ལམ་གྱི་ཉེ་འཁོར་བཅས་དང་དེ་བཞིན་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དབྱེ་བའི་ས་ཁོངས་གཞན་དག་དང་གཏན་འཁེལ་བྱས་པའི་དུས་མཚམས་སུ་ཕྱིར་སོག་མ་དང་ལོ་མ་སོགས་མེར་བསྲེགས་ནས་སྦགས་བཙོག་དངོས་རྫས་མ་ཐོན་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཚུལ་བསྟན་ཡོད། སྲ་གཟུགས་ཀྱི་སྙིགས་རོ་ཞིང་ཆེན་ལས་བརྒལ་ནས་དབོར་རྒྱུར་ལྟ་འདོམས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོར་དམིགས་ནས། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པའི་ནང་སྲ་གཟུགས་ཀྱི་སྙིགས་རོ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ནས་དབོར་ཏེ་སྲིད་འཛིན་ས་ཁོངས་སུ་སྤྱོད་རིགས་ལ། སྲ་གཟུགས་སྙིགས་རོའི་སྦགས་བཙོག་འགོག་བཅོས་ཆ་འཕྲིན་ལས་སྟེགས་སོགས་བརྒྱུད། འབྲེལ་ཡོད་ཀྱི་ཆ་འཕྲིན་སྔོན་ནས་སྲ་གཟུགས་སྙིགས་རོ་དབོར་ཡུལ་དང་དང་ལེན་བྱ་ཡུལ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས་པའི་གཏན་འབེབས་འཕར་མ་བྱས་ཡོད།

    སྐྱེ་ཁམས་སྲུང་སྐྱོང་གི་ལེའུའི་ནང་། བསམ་འཆར་འདི་ལྟར་བཏོན་ཡོད་པ་སྟེ། སྐྱེ་ཁམས་ཉམས་གསོ་དང་རང་བྱུང་སྲུང་སྐྱོང་ཁུལ་སྐྲུན་སྐབས་དངོས་ཐོག་བདེན་འཚོལ་དང་ཚན་རིག་ལ་བརྩི་འཇོག་བྱེད་དགོས། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པའི་ནང་། རྒྱལ་ཁབ་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། ནགས་ལས་འཕྲོད་སར་ནགས་ལས་དང་། རྩྭ་འདེབས་སར་རྩྭ་འདེབས། བྱེ་བཅོས་འཚམ་སར་བྱེ་བཅོས། ཐང་རྒོད་སློག་སར་ཐང་རྒོད་སློག་དགོས་པའི་རྩ་དོན་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཉམས་གསོ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་བཀོད་པ་འཆར་འགོད་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་དུ་མཐུན་རྐྱེན་ཧུར་ཐག་བསྐྲུན་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲངས་འབོར་དང་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས་པའི་གཏན་འབེབས་སྣོན་ཡོད།

    ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལེའུའི་ནང་། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པར་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བའི་སྤྱིའི་བླང་བྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱིས་ལྗང་མདོག་དང་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་ཡོང་བ་དང་། རྒྱལ་ཁབ་ཀྱིས་ཞིང་ལས་དང་གྲོང་གསེབ་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཞིང་ལས་སྔོན་ལ་འཕེལ་རྒྱས་གཏོང་དགོས་པ་ཁ་གསལ་བཏོན་ཡོད། འཁོར་རྒྱུག་དཔལ་འབྱོར་མ་ལག་འཛུགས་པར་དམིགས་ནས། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པའི་ནང“ཚད་གཞི་དམའ་རུ་གཏོང་བ་དང་། བསྐྱར་དུ་བེད་སྤྱོད། ཐོན་ཁུངས་ཅན་བཅས་རྒྱུན་འཁྱོངས་བྱེད་པའི”བླང་བྱ་ཁ་སྣོན་བརྒྱབ་སྟེ། ཐོན་སྐྱེད་མཁན་གྱི་འགན་འཁྲི་སྣུར་སྲིང་ལམ་ལུགས་ལ་ཤུགས་སྣོན་རྒྱག་དགོས་པ་བསྟན་ཡོད།

    བཅའ་ཁྲིམས་འགན་འཁྲི་དང་ཞར་བྱུང་གི་ལེའུའི་ནང་། འཆར་ཟིན་གྱི་གྲོས་ཞིབ་མ་ཟིན་གསུམ་པར་མི་སྒེར་གྱིས་འཚོ་བའི་གད་སྙིགས་དང་ཨར་སྐྲུན་གྱི་གད་སྙིགས་རང་དགར་གཤོ་བ་དང་། སྤུང་པ། བསྐྱུར་བ། མེར་སྲེག་པ་བཅས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲིར་སྔར་བས་བཟོ་བཅོས་བརྒྱབ་ནས་དེའི་ཐད་ཀྱི་ཚན་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་དབྱེ་བ་ཕྱེ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།